ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་མཉམ་སྡེབ་མཇལ་འཛོམས་གནང་བ་མ་ཟད་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ།

སྤེལ་དུས 2018-11-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༡༦ཉིན་མོར་སི་པི་གྲུ་ཁར་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཙུང་ལི་ཨའོ་ཉི་འར་དང་། སྨི་ཁེ་ལོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཁེ་ལི་སི་ཆིན། སོ་མོ་ཡའི་ཙུང་ལི་ཐུ་དབྱི་ལ་ཨེ་ཕ། ཝ་ནུ་ཨ་ཐུ་ཡི་ཙུང་ལི་སར་ཝེ། ཁུ་ཁེ་གླིང་ཚོམ་གྱི་ཙུང་ལི་ཕུ་ན། ཐང་ཁའི་དབུ་བཞུགས་བློན་ཆེན་པོ་ཞི་ཡ། ཉེའུ་ཨའེ་ཡི་ཙུང་ལི་ཐ་ལ་ཅི་སོགས་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་དེ་བཞིན་ཧྥི་ཅི་སྲིད་གཞུང་གི་འཐུས་མི། རྒྱལ་སྲུང་པུའུ་ཀྲང་ཁུན་པུ་ཨན་པོ་ལ་བཅས་དང་མཉམ་སྡེབ་མཇལ་འཛོམས་གནང་ནས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་བར་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་གཟིགས་སྟངས་བརྗེ་རེས་གནང་བ་དང་། མགྲིན་དབྱངས་གཅིག་གྱུར་ངང་ཕྱོགས་གཉིས་འབྲེལ་བ་དེ་ཕན་ཚུན་བརྩི་འཇོག་དང་། ཐུན་མོང་གོང་འཕེལ་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བར་མཐོ་རུ་གཏོང་རྒྱུ་དང་། ཁྱོན་ཡོངས་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་རྒྱུའི་མོས་མཐུན་གནང་ཡོད།
           ཞི་ཅིན་ཕིང་གིས་མཇལ་འཛོམས་གཙོ་སྐྱོང་གནང་བ་མ་ཟད་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ་དང་། དུས་བབ་གསར་པའི་འོག་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་བར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཐད་གྲོས་འགོ་བཏོན་གནང་ཞིང་། ཕྱོགས་གཉིས་པོས་གོ་སྐབས་དམ་འཛིན་དང་། འབྱུང་འགྱུར་གསར་གཏོད་ཀྱིས་ལག་གདང་སྦྲེལ་ཏེ་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་པའི་ནན་བཏོན་གནང་བ་དང་། ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་གནས་པ་དང་། ཚང་མ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན། རྒྱལ་སྤྱིའི་གནས་བབ་ལ་འགྱུར་བ་གང་འདྲ་བྱུང་རུང་ང་ཚོས་སྔ་བར་ཕྱི་གསུམ་དུ་ལྷག་བསམ་དག་པའི་བལྟ་སྟངས་འཛིན་ཞིང་། ཕན་ཚུན་བརྩི་འཇོག་བྱེད་པའི་གྲོགས་པོ་ཡག་པོ་དང་། མཉམ་དུ་གོང་འཕེལ་འཚོལ་ཞིབ་དང་། གཉིས་ཕན་མཉམ་རྒྱལ་གྱི་རོགས་པ་ཡག་པོ། རྒྱུས་མངའ་ཆེ་ལ་བརྩེ་བ་ཟབ་པ་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་སྤུན་ཟླ་ཡག་པོ་བཅས་ཡིན་ཞེས་གསུངས་པ་དང་།
           ཞི་ཅིན་ཕིང་གིས། ཀྲུང་གོས་རྒྱལ་ཁབ་ཆེ་ཆུང་གང་འདྲ་ཡིན་རུང་འདྲ་མཉམ་གྱི་བལྟ་སྟངས་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་དང་། གླིང་ཕྲན་རྒྱལ་ཁབ་ཀྱི་མི་དམངས་ནས་རང་ཉིད་ཀྱི་གོང་འཕེལ་ལམ་བུ་གདམ་ག་བྱེད་པའི་དབང་ཆར་བརྩི་འཇོག་བྱེད་པ། གླིང་ཕྲན་རྒྱལ་ཁབ་ཀྱིས་མཉམ་འབྲེལ་ཐོག་རང་ཉིད་སྟོབས་ཆེར་འགྲོ་བ་དང་འདྲ་མཉམ་ངང་རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ནང་ཞུགས་རྒྱུའི་འབད་བརྩོན་ལ་བརྩི་འཇོག་བྱེད་ཀྱི་ཡོད། ཀྲུང་གོས་རང་འགུལ་ངང་གླིང་ཕྲན་རྒྱལ་ཁབ་ལ་ཁྲོམ་ར་སྒོ་འབྱེད་དང་། མ་འཇོག་རྒྱ་སྐྱེད། གླིང་ཕྲན་རྒྱལ་ཁབ་ནས་ནང་འདྲེན་བྱེད་མང་དུ་གཏོང་བ། གླིང་ཕྲན་རྒྱལ་ཁབ་ཀྱིས་ཀྲུང་གོའི་གོང་འཕེལ་གྱི་ཕན་པ་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྤེལ་རེས་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་བ་དང་བསྟུན་ནས་ཕྱོགས་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་སྔར་བས་ཟབ་ཏུ་སོང་ཡོད་ཅེས་བསྟན་པ་དང་།
           ཞི་ཅིན་ཕིང་གིས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཛམ་གླིང་ཐོག་དཔལ་འབྱོར་གོང་འཕེལ་གྱི་མྱུར་ཚད་མགྱོགས་ཤོས་དང་། གོང་འཕེལ་གཏོང་གཞི་ཆེ་ཤོས་ཡོད་པའི་ས་ཆ་ཡིན། དུས་རབས་ཀྱི་བརྗོད་གཞིའི་མདུན་དུ་ཞི་བདེ་དང་། གོང་འཕེལ། མཉམ་ལས། གཉིས་རྒྱལ་བཅས་ནི་ཡང་དག་པའི་གདམ་ག་ཉག་ཅིག་དེ་ཡིན་པ་ང་ཚོར་ཡིད་ཆེས་ཡོད་ཅེས་ནན་བཏོན་གནང་ཡོད།
           ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་གཤམ་གསལ་གྱི་གྲོས་འགོ་ཁག་བཏོན་གནང་ཡོད་པ་སྟེ།
           གཅིག་ནི། འདྲ་མཉམ་མཉམ་གནས་རྒྱུན་འཁྱོངས་ཀྱིས་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། ཀྲུང་གོའི་ཕྱོགས་ནས་གླིང་ཕྲན་རྒྱལ་ཁབ་དང་མཐོ་རིམ་དང་རིམ་པ་མི་འདྲ་བའི་འགྲོ་འོང་འཕེལ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་དང་། ཕན་ཚུན་བར་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེ་རིགས་ཐད་མུ་མཐུད་རྒྱབ་སྐྱོར་བྱ་འདོད་ཡོད། ཀྲུང་གོའི་ཕྱོགས་ནས་གླིང་ཕྲན་རྒྱལ་ཁབ་དང་སྤྱི་ལོ་༢༠༡༩ལོའི་ལོ་སྨད་དུ་སྐབས་གསུམ་པའི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་གྱི་མཉམ་ལས་གླེང་སྟེགས་མཉམ་དུ་གཉེར་འདོད་ཡོད།
           གཉིས་ནི། གཉིས་ཕན་མཉམ་ལས་རྒྱུན་འཁྱོངས་ཀྱིས་ཐུན་མོང་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་པ། ཀྲུང་གོའི་ཕྱོགས་ནས་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་གླིང་ཕྲན་རྒྱལ་ཁབ་ཁག་དང་རང་རྟེན་གོང་འཕེལ་གྱི་ནུས་པ་མཐོ་རུ་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་འཁོར་རྒྱུག་བཟང་པོ་ཡོང་བར་འབད་བརྩོན་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པ་གོ་སྐབས་ལ་བརྩིས་ཏེ་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་ཉོ་ཚོང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས། སྤྱི་ལོ་༢༠༡༩ལོའི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཡུལ་སྐོར་ལོའི་བྱེད་སྒོ་རབ་དང་རིམ་པ་ཡག་པོ་གཉེར་དགོས།
           གསུམ་ནི། བསམ་བློ་གཅིག་མཐུན་རྒྱུན་འཁྱོངས་ཀྱིས་མི་དམངས་བར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ། ཀྲུང་གོའི་ཕྱོགས་ནས་གླིང་ཕྲན་རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནུས་པ་འཛུགས་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། རྒྱའི་སྐད་ཡིག་གི་སློབ་ཁྲིད་དང་མི་སྣའི་འགྲོ་འོང་རྒྱ་སྐྱེད་གཏོང་བ་དང་། ལས་རིགས་ཁག་གི་སྤེལ་རེས་ཤུགས་ཆེར་གཏོང་འདོད་ཡོད། ཀྲུང་གོའི་ཕྱོགས་ནས་ས་གནས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་དེ་བས་མང་བས་གླིང་ཕྲན་རྒྱལ་ཁབ་བར་སྤེལ་རེས་མཉམ་ལས་བྱ་རྒྱུར་སྐུལ་མ་གཏོང་འདོད་ཡོད།
           བཞི་ནི། ཕན་ཚུན་ལྟ་སྐྱོང་རྒྱུན་འཁྱོངས་བྱས་ནས། གཞུང་དྲང་དང་དྲང་བདེན་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་གོས་གླིང་ཕྲན་རྒྱལ་ཁབ་དང་མཉམ་དུ་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོབ་བྱེད་པ་དང་། རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྱི་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། གླིང་ཕྲན་རྒྱལ་ཁབ་ནས་ཞི་བདེ་རྒྱ་མཚོ་ཆེན་མོའི་བསམ་ཚུལ་ལ་རྒྱབ་སྐྱོར་བྱེད་པ། ཐུན་མོང་ཐོག་སྤྱི་ལོ་2030ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། གླིང་ཕྲན་རྒྱལ་ཁབ་ནས་སྔོ་མདོག་གི་ཞི་བདེ་རྒྱ་མཚོ་ཆེན་མོ་ཞེས་པའི་གྲོས་འགོར་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བཅས་བྱེད་འདོད་ཡོད། ཀྲུང་གོས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་བའི་གནད་དོན་ཐད་དམིགས་བསལ་དོ་ཁུར་བྱེད་པར་མཐོང་ཆེན་དང་བསམ་ཤེས་བྱེད་ཀྱི་ཡོད་ཅིང་། གླིང་ཕྲན་རྒྱལ་ཁབ་ཁག་ལ་རང་ནུས་ལ་དཔག་པའི་རོགས་རམ་བྱེད་པ་དང་། ལག་གདང་སྦྲེལ་ནས་ཕ་རི་སིའི་གྲོས་ཆོད་ནུས་ལྡན་ངང་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ནས། འཛམ་གླིང་ཧྲིལ་པོ་སྦགས་བཙོག་མེད་པ་དང་། ཐན་ཉུང་། རྒྱུན་མཐུད་བཅས་ཀྱི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་གནང་བ་དང་།
           ཞི་ཅིན་ཕིང་གིས། ཀྲུང་གོ་དེ་ཉིད་ཚད་གཞི་གང་འདྲ་ཞིག་ལ་གོང་འཕེལ་བྱུང་རུང་། ཀྲུང་གོ་ནི་དུས་ནམ་ཡང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲས་ཞིག་ཡིན་ལ། དུས་ནམ་ཡང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་ལངས་རྒྱུ་ཡིན། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འབྲེལ་བའི་ལེའུ་གསར་པ་འགོ་ཚུགས་ཡོད། ང་ཚོས་གླིང་ཕྲན་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ནས། ལྷག་བསམ་རྣམ་དག་ངང་མཛའ་གྲོགས་བརྟན་དུ་གཏོང་བ་དང་། ལས་དོན་དངོས་སྒྲུབ་ནས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། མཉམ་དུ་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འབྲེལ་བའི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད་ཅེས་ནན་བཤད་གནང་ཡོད་པ་རེད།
           གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སླར་ཡང་གྲོས་འགོ་བཏོན་གནང་བ་མ་ཟད་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཉམ་སྡེབ་མཇལ་འཛོམས་གཙོ་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། ཁོང་རྣམ་པས། ཀྲུང་གོ་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གོང་འཕེལ་མདུན་ལྗོངས་མངོན་འགྱུར་ཡོང་བ་དང་། མི་དམངས་ཀྱི་ཕན་བདེ་ཟབ་ཏུ་གཏོང་བ། འཛམ་གླིང་ཧྲིལ་པོའི་འགྲན་རྩོད་ལ་ཁ་གཏད་གཅོག་པ་བཅས་ཀྱི་རོགས་པ་གལ་ཆེན་ཞིག་རེད། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་ཟབ་མོར་གཅེས་འཛིན་བྱེད་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ལ། ཀྲུང་གོས་དུས་ཡུན་རིང་པོའི་ནང་ཆབ་སྲིད་ཆ་རྐྱེན་གང་ཡང་མི་སྣོན་པའི་རོགས་རམ་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོའི་འབྲེལ་བ་དེ་ཕན་ཚུན་བརྩི་འཇོག་དང་ཐུན་མོང་གོང་འཕེལ་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བའི་ཐོག་རིམ་འཕར་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་། ཀྲུང་གོ་དང་ཉོ་ཚོང་དང་མ་འཇོག ཉ་ལས། ཡུལ་སྐོར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རང་ཉིད་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་འདོད་ཡོད། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱིས་ཀྲུང་གོས་རྒྱུན་མཐུད་གོང་འཕེལ་དང་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ་སོགས་ཐད་ཀྱི་འགོ་ཁྲིད་ནུས་པར་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད་ཅིང་། ཀྲུང་གོ་དང་ཕྱོགས་མང་བྱ་དོན་ཁྲོད་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བསྟན་ཡོད་པ་རེད།