ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་སེ་རི་པེ་ཀ་མཚོ་འགྲམ་དུ་འབྱོར་ནས་ཝུན་ལའེ་ཏ་ལུའུ་སཱ་ལན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད།

སྤེལ་དུས 2018-11-19 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སེ་རི་པེ་ཀི་མཚོ་འགྲམ་དུ་བདེ་བར་འབྱོར་ནས། ཝུན་ལའེ་ཏ་ལུའུ་སཱ་ལན་ལ་རྒྱལ་དོན་འཚམས་འདྲི་མཛད་སྒོ་བརྩམས། ས་དེའི་དགོང་མོའི་དུས་ཚོད་དྲུག་དང་སྐར་མ་ལྔ་བཅུའི་སྟེང་དུ། ཞི་ཅིན་ཕིང་གནམ་གྲུར་བསྡད་དེ་སེ་རི་པེ་ཀ་མཚོ་འགྲམ་དུ་འབྱོར། ཞི་ཅིན་ཕིང་གནམ་གྲུའི་འཛུལ་སྒོ་ལས་ཕེབས་མ་ཐག ཝུན་ལའེ་སྲིད་གཞུང་གི་མཐོ་རིམ་དཔོན་དམག་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུས།
           ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ་ཝུན་ལའེ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་འཚམས་འདྲི་དང་སྨོན་འདུན་ཞུས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཝུན་ལའེ་ནི་བར་དུ་རྒྱ་མཚོས་བཅད་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། ཕན་ཚུན་བར་ཡིད་ཆེས་བརྟན་པོ་ཡོད་པའི་བློས་ཐུབ་གྲོགས་པོ་ཡང་ཡིན་པས། རྒྱལ་ཁབ་གཉིས་ཀྱི་བར་དུ་མཛའ་བརྩེ་རྒྱུན་རིང་ལྡན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཉེར་བདུན་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་འདྲ་མཉམ་གྱི་ལྟ་སྟངས་བཟུང་བ་དང་ཆབ་སྲིད་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་བཏང་ནས། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་བྱ་བར་གྲུབ་འབྲས་ངེས་ཅན་བླངས་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་མིག་མཐོང་ལག་ཟིན་བསྐྲུན་ཏེ། ས་གནས་ཞི་བདེ་ཡར་རྒྱས་འགྲོ་བར་བྱས་རྗེས་གང་ལེགས་བཞག་ཡོད། རེ་བ་ཡིན་ན། རྒྱལ་ཁབ་གཉིས་ཀྱིས་ཐེངས་འདིའི་རྒྱལ་དོན་འཚམས་འདྲི་བརྒྱུད་དེ། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་བཟང་བོ་དར་སྤེལ་དང་རྒྱུན་འཛིན་གང་ལེགས་བྱས་ནས། མཉམ་དུ་དུས་རབས་གསར་བའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཇུས་གཞི་བཟོས་ཏེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་འབད་དགོས་ཟེར། ཏིན་ཞེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥིན་སོགས་ཀྱིས་རྒྱལ་དོན་འཚམས་འདྲི་མཛད་རོགས་བྱས།