ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་མཇལ་འཛོམས་གནང་བ།

སྤེལ་དུས 2018-12-03 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། རིན་སྒྲོལ་གྱིས་བསྒྲིགས།

          ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུས་ལྟར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་པུ་ཡེ་ནོ་སེ་ཨད་ལེ་སེར་ལྷན་དུ་དགོང་ཟས་མཆོད་པ་མ་ཟད་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཁ་ཞེ་གཉིས་མེད་དང་། མཛའ་གྲོགས་ཀྱི་རྣམ་པའི་ཁྲོད་ཀྲུང་གོ་དང་ཨ་རིའི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་གནང་བའི་རྒྱལ་སྤྱིའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་། དོན་གནད་མང་པོའི་ཐད་གལ་ཆེའི་གྲོས་མཐུན་བྱུང་ཡོད་པ་རེད། ཕྱོགས་གཉིས་པོས་ཕན་ཚུན་གཉིས་ཕན་གྱི་རྨང་གཞིའི་ཐོག་མཉམ་ལས་རྒྱ་བསྐྱེད་བྱ་རྒྱུ་དང་། ཕན་ཚུན་བརྩི་བཀུར་གྱི་རྨང་གཞིའི་ཐོག་འགལ་ཟླར་ཚོད་འཛིན་བྱ་རྒྱུ་དང་། མཐུན་སྦྱོར་དང་། མཉམ་ལས། བརྟན་ལྷིང་བཅས་ཀྱིས་རྨང་གཞི་བྱས་པའི་ཀྲུང་གོ་དང་ཨ་རིའི་འབྲེལ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུར་མོས་མཐུན་གནང་བ་རེད།
          ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རིས་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་འགན་འཁྲི་གལ་ཆེན་འཁུར་ཡོད། ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཡག་པོ་ནི་རྒྱལ་ཁབ་གཉིས་པོའི་གཞི་རྩའི་ཁེ་ཕན་དང་འཚམས་པ་ཞིག་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་རེ་བ་ཡང་ཡིན། མཉམ་ལས་ནི་ཀྲུང་གོ་དང་ཨ་རིའི་བདམ་ཁ་ཡག་ཤོས་ཡིན། ཕྱོགས་གཉིས་པོས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་གོང་འཕེལ་གྱི་ཁ་ཕྱོགས་ཆེན་མོ་དམ་འཛིན་གྱིས། རྒྱལ་ཁབ་་གཉིས་པོའི་འབྲེལ་བ་ཡུན་རིང་དང་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཐོག རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་དང་དེ་བས་ལེགས་པ་བསྐྲུན་དགོས་ཞེས་བསྟན་འདུག ཐེ་རོན་ཕུ་ཡིས་ཞི་ཅིན་ཕིང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གནང་བའི་གདེང་འཇོག་ལ་མོས་མཐུན་གནང་བ་དང་། ཐེ་རོན་ཕུ་ཡིས། ཨ་རི་དང་ཀྲུང་གོའི་འབྲེལ་བ་ནི་ཧ་ཅང་ཐུན་མོང་མ་ཡིན་པ་དང་གལ་འགངས་ཆེ་བ་ཞིག་རེད། ང་ཚོ་རྒྱལ་ཁབ་གཉིས་པོ་ནི་འཛམ་གླིང་ལ་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཡིན། ཕྱོགས་གཉིས་པོས་མཉམ་ལས་ཡག་པོ་རྒྱུན་འཁྱོངས་བྱ་རྒྱུ་ནི་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་ཕན་པ་ཡོད་པ་ཞིག་རེད། ཨ་རིས་ཀྲུང་གོའི་བར་གྲོས་མོལ་བྱེད་པ་བརྒྱུད་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད་ལ། ཕྱོགས་གཉིས་པོའི་བར་གནས་པའི་གནད་དོན་ཐད་གྲོས་བསྡུར་ཧུར་ཐག་བྱས་ནས་ཕྱོགས་གཉིས་ཀར་ཕན་པ་ཡོད་པའི་ཐག་གཅོད་བྱ་ཐབས་འཚོལ་ཞིབ་བྱེད་འདོད་ཡོད་ཅེས་གསུངས་འདུག

          རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་མུ་མཐུད་ཐབས་ལམ་སྣ་ཚོགས་བརྒྱུད་ནས་འབྲེལ་གཏུགས་དམ་ཟབ་ཀྱིས། ཐུན་མོང་ཐོག་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གོང་འཕེལ་ཁ་ཕྱོགས་ལ་སྣེ་ཁྲིད་གནང་རྒྱུ་དང་། ཕྱོགས་གཉིས་པོས་འོས་འཚམས་ཀྱི་དུས་ཚོད་ལ་སླར་ཡང་འཚམས་འདྲི་ཞུ་རེས་བྱ་རྒྱུར་མོས་མཐུན་གནང་འདུག ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་གི་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། སློབ་གསོ་དང་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་གནང་འདུག ཐེ་རོན་ཕུས། ཀྲུང་གོའི་སློབ་མ་ཨ་རིར་སློབ་སྦྱོང་ལ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག ཕྱོགས་གཉིས་པོས་དགེ་མཚན་ལྡན་པའི་བྱ་སྤྱོད་སྤེལ་ནས་ཁྲིམས་འཛིན་དང་དུག་འགོག་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་མོས་མཐུན་གནང་བ་དང་། དེའི་ནང་ཧྥེན་ཐེ་ཉིའི་རིགས་ཀྱི་དངོས་པོའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་རྒྱུ་ཚུད་ཡོད་པ་རེད། ཀྲུང་གོས་ད་ཕན་སྤྱད་པའི་བྱ་ཐབས་ལ་ཨ་རི་སོགས་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་གང་ལེགས་ཐོབ་པ་དང་། ཀྲུང་གོས་ཧྥེན་ཐ་ཉིའི་རིགས་ཀྱི་དངོས་རྫས་དག་དོ་དམ་ཚོད་འཛིན་གྱི་ཁོངས་སུ་འཇོག་རྒྱུ་མ་ཟད། འབྲེལ་ཡོད་ཁྲིམས་སྲོལ་ལེགས་སྒྲིག་ལས་དོན་འགོ་རྩོམ་རྒྱུའི་ཐག་བཅད་པ་རེད།
          དཔལ་འབྱོར་ཉོ་ཚོང་གནད་དོན་ཐད། ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རི་གཉིས་ནི་འཛམ་གླིང་ཐོག་གི་དཔལ་འབྱོར་མ་ལག་ཆེ་ཤོས་གཉིས་ཡིན་པ་དང་། དཔལ་འབྱོར་ཉོ་ཚོང་འབྲེལ་བ་ཤིན་ཏུ་ཟབ་ཅིང་། ཕན་ཚུན་གཅིག་ལ་གཅིག་རྟེན་ཡིན། ཕྱོགས་གཉིས་པོའི་བར་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ནང་འགལ་བ་འགའ་ཤས་གནས་པ་ནི་རྒྱུན་གཏན་ཞིག་ཡིན་པ་དང་། འགག་རྩ་ནི་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་གཉིས་ཕན་གྱི་སྙིང་སྟོབས་ཐོག་ནས་འོས་ཤིང་འཚམས་པའི་དོ་དམ་ཚོད་འཛིན་བྱ་རྒྱུ་དེ་ཡིན་པ་མ་ཟད། ཕྱོགས་གཉིས་ཀས་དང་ལེན་བྱེད་པའི་བྱ་ཐབས་འཚོལ་རྒྱུ་དེ་ཡིན་ཞེས་ནན་སྟོན་གནང་འདུག རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གནད་དོན་ཐད་དགེ་མཚན་ལྡན་པ་དང་གྲུབ་འབྲས་ཀྱིས་ཕྱུག་པའི་གྲོས་བསྡུར་བྱས་པ་རེད།
          རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་གྲོས་མཐུན་བཞག་ནས་སྒོ་ཁྲལ་གསར་སྣོན་བྱེད་མཚམས་འཇོག་རྒྱུའི་ཐག་བཅད་པ་དང་། ཆབས་ཅིག་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོགས་པས་དུས་ཚོད་དམ་འཛིན་གྱིས་གྲོས་བསྡུར་བྱས་ནས་སྒོ་ཁྲལ་ཁ་སྣོན་བྱེད་པ་ཚང་མ་མེད་པའི་བཟོ་རྒྱུར་ཕྱོགས་ནས་གཉིས་ཕན་མཉམ་རྒྱལ་གྱི་ཞིབ་ཕྲའི་གྲོས་ཆོད་འཇོག་ཐུབ་པ་བྱ་དགོས་པའི་མཛུབ་སྟོན་གནང་འདུག ཀྲུང་གོའི་ཕྱོགས་ནས་ཀྲུང་གོའི་རེས་འཁོར་གསར་པའི་བསྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་དང་དེ་བཞིན་རྒྱལ་ནང་གི་ཁྲོམ་ར་དང་མི་དམངས་ཀྱི་དགོས་མཁོར་གཞིགས་ནས་ཁྲོམ་ར་སྒོ་འབྱེད་དང་ནང་འདྲེན་རྒྱ་བསྐྱེད་བཏང་ནས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ཀྱི་འབྲེལ་ཡོད་གནད་དོན་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོའི་བར་གཉིས་ཕན་མཉམ་རྒྱལ་གྱི་ཞིབ་ཕྲའི་གྲོས་ཆོད་འཇོག་པ་ནི་ཀྲུང་གོས་ཨ་རིར་དགེ་མཚན་ལྡན་པའི་བྱ་སྤྱོད་སྤེལ་བའི་རྨང་གཞི་དང་སྔོན་འགྲོ་ཡིན། ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་བྱས་ནས་ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་དེ་གང་མགྱོགས་ཡང་དག་པའི་འཁོར་ལམ་ལོག་ནས་མཉམ་ལས་མཉམ་རྒྱལ་མངོན་གྱུར་ཡོང་བ་བྱ་དགོས་ངེས་ཡིན་ཞེས་གསུངས་འདུག
          ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་གིས་ཐའེ་ཝན་གནད་དོན་ཐད་འཛིན་པའི་རྩ་དོན་ལང་ཕྱོགས་རྒྱས་བཤད་གནང་བ་དང་། ཨ་རི་ཕྱོགས་ནས་ཨ་རིས་མུ་མཐུད་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་ཞེས་གསུངས་འདུག
          རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ད་དུང་ཁུ་རུ་ཡ་ཕྱེད་གླིང་ཕྲན་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེ་རིགས་ཐད་དགོངས་འཆར་བརྗེ་རེས་གནང་འདུག ཀྲུང་གོས་ཨ་རི་དང་བྱང་ཁུ་རུ་ཡའི་འགོ་ཁྲིད་ནས་སླར་ཡང་ཐུག་འཕྲད་གནང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཨ་རི་དང་བྱང་ཁུ་རུ་ཡས་ཁ་ཕྱོགས་གཅིག་པར་བསྐྱོད་པ་དང་། ཕན་ཚུན་གྱིས་དོ་ཁུར་བྱེད་པའི་ལུགས་མཐུན་རེ་བར་ལྟ་རྟོག་བྱེད་པ་མ་ཟད། ཕྱེད་གླིང་ཕྲན་ཡོངས་ཉིང་རྡུལ་མེད་པ་ཅན་ལ་འགྱུར་བ་བྱ་རྒྱུ་དང་ཕྱེད་གླིང་ཕྲན་གྱི་ཞི་བདེའི་སྒྲིག་གཞི་འཛུགས་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག ཨ་རི་ཕྱོགས་ནས་ཀྲུང་གོས་དགེ་མཚན་ལྡན་པའི་ནུས་པ་འདོན་པར་བསྔགས་བརྗོད་གནང་བ་མ་ཟད། ཀྲུང་གོའི་བར་འབྲེལ་གཏུགས་དང་མཐུན་སྦྱོར་རྒྱུན་འཁྱོངས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག
          རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་མ་གྲོས་གཅིག་མཐུན་ངང་ཐུག་འཕྲད་ཡིད་བཞིན་ལེགས་གྲུབ་བྱུང་བའི་ངོས་འཛིན་གནང་བ་དང་། མུ་མཐུད་འབྲེལ་གཏུགས་དམ་ཟབ་བྱ་རྒྱུར་མོས་མཐུན་གནང་ཡོད་པ་རེད།