ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་གྱི་ཙུང་ཐུང་དང་གྲོས་མོལ་གནང་བ།

སྤེལ་དུས 2018-12-04 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
             ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་༡༢པའི་ཚེས་༢ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་གྱི་ཙུང་ཐུང་མ་ཁེ་ལི་དང་པུ་དབྱི་ནོ་སི་ཨེ་རི་སིར་གྲོས་མོལ་གནང་བ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་གཟིགས་རྒྱང་སྔར་བའི་རིང་བའི་སྒོ་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གོང་འཕེལ་འཆར་འགོད་གནང་སྟེ། ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཨ་ཀེན་ཐིན་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བའི་དུས་རབས་གསར་པ་གཏོད་རྒྱུའི་མོས་མཐུན་གནང་ཡོད།
             ཞི་ཅིན་ཕིང་གིས། ལོ་གཉིས་ལྷག་ཙམ་རིང་། ང་རང་ནས་ཙུང་ཐུང་སྐུ་ཞབས་དང་མཇལ་འཛོམས་ཐེངས་ལྔ་བྱས་པ་དང་། ཀྲུང་གོ་དང་ཨ་ཀེན་ཐིན་གྱི་འབྲེལ་བའི་ལོ་རྒྱུས་ཐོག་གི་ཟིན་ཐོ་གསར་པ་བཏོད་ཡོད། ཀྲུང་གོ་དང་ཨ་ཀེན་ཐིན་གྱི་མཉམ་ལས་ཀྱི་ཁྱབ་རྒྱ་དང་གཏིང་ཚད་གཉིས་ཀ་སྔར་ན་མེད་པར་གྱུར་ཡོད། མིག་སྔར། རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་བ་མང་བ་དང་། དུས་བབ་གསར་པ་དང་འགྲན་རྩོད་གསར་པའི་མདུན་དུ་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། མཉམ་ལས་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་གཟིགས་རྒྱང་སྔར་བས་རིང་བའི་ཐོག་ནས་ཕྱོགས་གཉིས་འབྲེལ་བ་འཆར་འགོད་དང་། ཁྱབ་ཁོངས་ཁག་ནང་མཉམ་ལས་དངོས་སྒྲུབ་གཏིང་ཟབ་བྱེད་པ། ཀྲུང་གོ་དང་ཨ་ཀེན་ཐིན་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བའི་དུས་རབས་གསར་པ་གཏོད་དེ་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་དང་།
             ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་ཕན་ཚུན་བར་གྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་དང་། ཕྱོགས་གཞན་དེས་རང་རྟེན་གདམ་ག་བྱས་པའི་གོང་འཕེལ་འགྲོ་ལམ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། ལོ་འདི་ཤར་ཚུན། ཨ་ཀེན་ཐིན་གྱི་དཔལ་འབྱོར་དང་དངུལ་རྩའི་དུས་བབ་བརྟན་པོ་མེད། ཀྲུང་གོའི་ཕྱོགས་ནས་བྱ་སྤྱོད་ངོ་མའི་ཐོག་ནས་ཨ་ཀེན་ཐིན་གྱིས་རང་རྒྱལ་ཁབ་ཀྱི་དངུལ་རྩའི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱས་ཡོད་པ་དང་། ཨ་ཀེན་ཐིན་གྱི་གོང་འཕེལ་མདུན་ལྗོངས་ལ་སེམས་ཤུགས་ཀྱིས་ཁེངས་ཤིང་། ཀྲུང་གོ་དང་ཨ་ཀེན་ཐིན་མཉམ་ལས་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་འབྱུང་འགྱུར་ལོ་ལྔའི་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་ཐུན་མོང་བྱ་སྤྱོད་འཆར་གཞི་རྩ་འཛིན་ལ་བཟུང་སྟེ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་སྒྲོམ་གཞིའི་ནང་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་པོའི་གོང་འཕེལ་འཆར་འགོད་སྦྲེལ་མཐུད་བྱེད་པ། བང་རིམ་ཁག་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཕྱོགས་ནས་ཨ་ཀེན་ཐིན་གྱི་སྤུས་ལེགས་ཐོན་རྫས་དང་ཞབས་ཞུ་ནང་འདྲེན་བྱ་རྒྱུ་རྒྱ་ཆེར་གཏོང་རྒྱུ་དང་། ཕྱོགས་གཉིས་ཉོ་ཚོང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་ཕྱོགས་ནས་ཨ་ཀེན་ཐིན་གྱི་ནུས་ཁུངས་སྣེ་མང་ཅན་གྱི་འཐབ་ཇུས་ལ་རྒྱབ་སྐྱོར་དང་། ཨ་ཀེན་ཐིན་ཕྱོགས་དང་ནུས་ཁུངས་ཁྱབ་ཁོངས་ཀྱི་བཀོད་འདོམས་དམག་གྲུ་ཞེས་པའི་རྣམ་གྲངས་ལག་བསྟར་ཡག་པོ་བྱེད་འདོད་ཡོད།
             ཀྲུང་གོའི་ཕྱོགས་ནས་ཨ་ཀེན་ཐིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། དམངས་ཀྱི་འཚོ་བ་སོགས་ཀྱི་རྣམ་གྲངས་ནང་ཧུར་ཐག་ཞུགས་པ་དང་། ཨ་ཀེན་ཐིན་དང་ཨ་མེ་རི་ཁ་གླིང་ལྷོ་མའི་ས་ཁུལ་བར་གྱི་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་འདོད་ཡོད། མ་འཇོག་དང་མ་རྩ་བསྡུ་རུབ་དང་རང་རྒྱལ་ཁབ་ཀྱི་དངུལ་ལོར་ཕན་ཚུན་བརྗེ་རེས་བྱེད་པའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱིའི་དངུལ་ལོར་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། གསར་དར་དཔལ་འབྱོར་མ་ལག་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩའི་ལས་ཁུངས་ཁྲོད་ཀྱི་གཏམ་བརྗོད་དབང་ཆ་དང་འཐུས་ཚབ་རང་བཞིན་མཉམ་དུ་མཐོ་རུ་གཏོང་དགོས། གཞོན་ནུའི་སྤེལ་རེས་ལ་སྐུལ་འདེད་དང་། རིག་གནས་དང་། སློབ་གསོ། ཡུལ་སྐོར། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་བར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་བརྩེ་བ་ཟབ་ཏུ་གཏོང་དགོས་ཞེས་གསུངས་པ་དང་།
             ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་ཀེན་ཐིན་ནི་ཤུགས་རྐྱེན་གལ་ཆེན་ལྡན་པའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་ཡིན་ཞིང་། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་དང་སྒོ་དབྱེ་ཁོག་ཡངས་ཀྱི་འཛམ་གླིང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོས་ཨ་ཀེན་ཐིན་དང་ཕྱོགས་མང་སྒྲིག་གཞིའི་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་གྱི་གྲུབ་འབྲས་ཀྱིས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དེ་བས་མང་བར་ཕན་པ་ཐོབ་པ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་འདོད་ཡོད་ཅེས་བསྟན་ཡོད་པ་དང་།
             ཞི་ཅིན་ཕིང་གིས། མིག་སྔར། ཕྱི་ཕྱོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ལ་ཏིང་ཨ་མེ་རི་ཁའི་ས་ཁུལ་གྱི་དུས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་བ་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་འགྲན་རྩོད་མང་དུ་ཕྱིན་ཡོད། ལ་ཏིང་ཨ་མེ་རི་ཁའི་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་གྲོགས་པོ་དང་རོགས་པ་ཡིན་པའི་ངོས་ནས། ཀྲུང་གོས་ལ་ཏིང་ཨ་མེ་རི་ཁའི་རྒྱལ་ཁབ་ཁག་ལ་རང་ཉིད་ཀྱི་འབད་བརྩོན་བརྒྱུད་ཞི་བདེ་བརྟན་ལྷིང་དང་གོང་འཕེལ་དར་རྒྱས་མངོན་འགྱུར་ཡོང་བའི་བློ་རིག་དང་ནུས་པ་ལྡན་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོས་ལ་ཏིང་ཨ་མེ་རི་ཁའི་གོང་འཕེལ་གྱི་མདུན་ལྗོངས་ལ་སེམས་ཤུགས་ཀྱིས་ཁེངས་ཡོད་པ་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། གཉིས་ཕན་གཉིས་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཨ་ཀེན་ཐིན་ཚུད་པའི་ལ་ཏིང་ཨ་མེ་རི་ཁའི་གྲོགས་པོ་དང་མཉམ་དུ། དུས་རབས་གསར་པའི་འདྲ་མཉམ་དང་གཉིས་ཕན། གསར་གཏོད། སྒོ་དབྱེ། དམངས་ཕན་བཅས་ཀྱི་ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁའི་འབྲེལ་བ་འཛུགས་རྒྱུ་ཡིན་ཞིང་། ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁའི་གླེང་སྟེགས་ཀྱི་འཛུགས་སྐྲུན་དང་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་ནང་ཧུར་ཐག་ཞུགས་ནས། ཐུན་མོང་ཐོག་ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁའི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་བཤད་གནང་ཡོད་པ་རེད།
             ཞི་ཅིན་ཕིང་གིས་མཇུག་འགྲིལ་མ་ཐག་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་མ་ཟད་འགོ་ཁྲིད་པའི་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་ནས། འཛམ་གླིང་ལ་ཡང་དག་པ་དང་། དགེ་མཚན་ལྡན་པ། མི་སེམས་བདེ་བ་བཅས་ཀྱི་བརྡ་འཕྲིན་བཏང་བར་བཀྲིས་བདེ་ལེགས་ཞུས་གནང་བ་དང་། ཨ་ཀེན་ཐིན་ནས་མཐུན་སྦྱོར་ནུས་པ་གལ་ཆེན་འདོན་སྤེལ་གནང་བར་བསྔགས་བརྗོད་གནང་ཡོད། ཞི་ཅིན་ཕིང་གིས། ད་རེས་ཀྱི་གྲོས་ཚོགས་ནི་རྒྱལ་སྤྱིའི་རྒྱབ་ལྗོངས་ཧ་ཅང་རྙོག་འཛིང་ཆེ་བའི་འོག་སྐོང་ཚོགས་བྱས་པ་ཞིག་ཡིན་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཚད་མཐོའི་དོ་ཁུར་བྱས་ཡོད། རྒྱལ་ཁབ་ཆེན་པོ་གཙོ་བོའི་འགོ་ཁྲིད་རྣམས་ནས་མཉམ་དུ་བསྡད་ནས། རྒྱལ་སྤྱིའི་གནད་དོན་གལ་ཆེ་རིགས་ཐད་ཐུན་མོང་ངོས་འཛིན་བྱུང་ཡོད་པ་དང་། འགོ་ཁྲིད་པའི་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ད་རེས་ཀྱི་གྲོས་ཚོགས་ལེགས་གྲུབ་བྱུང་བ་ནི། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་པར་རྒྱལ་ཁ་ཐོབ་པ་ཞིག་ཡིན་པས། ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོང་དང་། སྒོ་དབྱེའི་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་སྐྲུན་རྒྱུར་ཕན་ཐོགས་ཡོད་ལ། རྒྱལ་སྤྱིའི་ཁྲོམ་རར་སེམས་ཤུགས་དང་གསོན་ཤུགས་སྣོན་རྒྱུར་ཕན་ཐོགས་ཀྱང་ཡོད་ཅེས་བསྟན་གནང་ཡོད་པ་རེད།
             མ་ཁེ་ལིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་ལ་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་དང་། ཀྲུང་གོས་དུས་ཡུན་རིང་པོའི་ནང་རོགས་རམ་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོས་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠འཁོར་བའི་སྐབས་སུ། ཨ་ཀེན་ཐིན་གྱིས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་དབུལ་ཕོངས་ཉུང་གཏོང་སོགས་ཀྱི་ཐད་གྲུབ་འབྲས་གལ་ཆེན་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཀྲུང་གོ་ནི་འཛམ་གླིང་དཔལ་འབྱོར་གྱི་སྒུལ་བྱེད་འཕྲུལ་འཁོར་གཙོ་བོར་གྱུར་ཡོད་པ་དང་། ཀྲུང་གོའི་གོང་འཕེལ་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེས་ཨ་ཀེན་ཐིན་དང་ལ་ཏིང་ཨ་མེ་རི་ཁའི་གོང་འཕེལ་ལ་ཤུགས་རྐྱེན་གལ་ཆེན་ལྡན་ཡོད་ལ། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ལ་དོན་སྙིང་གཏིང་ཟབ་ལྡན་ཡོད། ཨ་ཀེན་ཐིན་ཕྱོགས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་བར་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུར་འབད་བརྩོན་བྱ་རྒྱུ་དང་། རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་ནང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན། ཉེ་ལམ་ལོ་ཤས་རིང་། ཨ་ཀེན་ཐིན་དང་ཀྲུང་གོའི་བར་ཕན་ཚུན་ཡིད་ཆེས་ཟབ་ཏུ་ཕྱིན་པ་དང་། ཁྱབ་ཁོངས་ཁག་བར་འགྲོ་འོང་ཡང་སེ་བྱེད་ཀྱི་ཡོད་ཅིང་། རྒྱལ་ཁབ་གཉིས་པོའི་མཉམ་ལས་དེ་གཉིས་ཕན་མཉམ་རྒྱལ་གྱི་དུས་མཚམས་གསར་པར་སླེབས་ཡོད། ཨ་ཀེན་ཐིན་ཕྱོགས་ནས་ལེགས་གྲུབ་ལྡན་པའི་ངང་ཀྲུང་གོའི་སྐབས་དང་པོའི་རྒྱལ་སྤྱིའི་དངོས་མང་འགྲེམ་ཚོགས་ལ་ཞུགས་པ་དང་། ཀྲུང་གོའི་ཁྲོམ་ར་སྔར་བས་རྒྱ་སྐྱེད་གཏོང་འདོད་ཡོད། ཨ་ཀེན་ཐིན་ཕྱོགས་ནས་ད་ཐེངས་ཕྱོགས་གཉིས་པོའི་བར་འབྱུང་འགྱུར་ལོ་ལྔའི་ཐུན་མོང་བྱ་སྤྱོད་འཆར་གཞིར་མིང་རྟགས་བཀོད་པ་དེ་གོ་སྐབས་སུ་རྩིས་ནས། ཞིང་ལས་དང་། དངུལ་རྩ། མཁའ་འགྲུལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་རྒྱུ་དང་། ཡུལ་སྐོར་དང་ལུས་རྩལ་སོགས་མི་ཆོས་རིག་གནས་ཁྱབ་ཁོངས་ནང་སྤེལ་རེས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། ཨ་ཀེན་ཐིན་ཕྱོགས་ནས་ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཀེན་ཐིན་ལ་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་།
             མ་ཁེ་ལིས། ང་རང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཇུག་སྒྲིལ་མ་ཐག་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་ཚད་མཐོའི་བསྔགས་བརྗོད་ཞུ་གི་ཡོད། དེས་དབུ་ཚོགས་ལེགས་གྲུབ་ཡོང་རྒྱུར་གལ་འགངས་ཤིན་ཏུ་ཆེན་པོ་ཡིན། ཨ་ཀེན་ཐིན་ཕྱོགས་ནས་ཀྲུང་གོའི་བར་ཕྱོགས་མང་བྱ་དོན་ཁྲོད་ཀྱི་མཐུན་སྦྱོར་དང་མཉམ་ལས་སྔར་བས་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
             རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཐུན་མོང་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཨ་ཀེན་ཐིན་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་སྤྱི་ལོ་༢༠༡༩ལོ་ནས་༢༠༢༣ལོ་བར་གྱི་ཐུན་མོང་བྱ་སྤྱོད་འཆར་གཞི་དང་། དེ་བཞིན་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་དཔང་པོ་གནང་ཡོད་པ་རེད།
             ཕྱོགས་གཉིས་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་ཀེན་ཐིན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཡོད་པ་རེད།
             མཇལ་མོལ་མ་གནང་གོང་། མ་ཁེ་ལིས་ཙུང་ཐུང་ལས་ཤག་གི་གཟི་བརྗིད་ཐང་ཆེན་དུ་ཞི་ཅིན་ཕིང་ལ་དགའ་བསུའི་མཛད་སྒོ་གཟབ་རྒྱས་གཉེར་ཡོད་པ་རེད།
             དཔྱིད་དུས་ཀྱི་པུ་དབྱི་ནོ་སི་ཨེ་རི་སིར་ནམ་མཁའ་དྭངས་ཤིང་རླུང་བུ་འཇམ་པ་དང་། མེ་ཏོག་རྣམ་པར་བཞད་ཅིང་། ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་བ་དང་གཉིས་སུ་མ་མཆིས།
             ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་རྟ་གྲལ་སྲུང་དམག་གི་སྲུང་སྐྱེལ་འོག་ཙུང་ཐུང་ལས་ཤག་ཏུ་ཕེབས་ཡོད་པ་དང་། གུས་ལུགས་དམག་གིས་ལྗོན་གྲིབ་གཞུང་ལམ་གྱི་གཞོགས་གཉིས་སུ་གྲལ་སྟར་སྒྲིག་སྟེ་དམག་གཟིགས་དང་ལེན་ཞུས་ཡོད། གཟི་བརྗིད་ཐང་ཆེན་དུ་ཕེབས་འབྱོར་ཟིན་སྐབས། དམག་དཔུང་རོལ་ཆ་རུ་ཁག་གིས་འཁྲུག་ཆ་དོད་པའི་མདུན་སྐྱོད་རོལ་དབྱངས་དཀྲོལ་གཏོང་བྱས་ཡོད་པ་དང་། མ་ཁེ་ལི་དང་སྐུ་ཟླ་ཨ་ཝ་ཏས་སྤྲོ་སེམས་འཁོལ་བའི་ཕེབས་བསུ་ཞུས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་དམག་གཟིགས་སྟེགས་བུར་ཕེབས་པ་དང་། དམག་དཔུང་རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་ཨ་ཀེན་ཐིན་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་བྱས་ཡོད། ཞི་ཅིན་ཕིང་གིས་མ་ཁེ་ལིའི་ཕེབས་རོགས་འོག་ཧྲེང་མ་ཏིང་གི་འཇིམ་སྐུར་མེ་ཏོག་ཕྲེང་བ་ཕུལ་ཡོད་པ་རེད།
             དགའ་བསུའི་མཛད་སྒོ་མཇུག་སྒྲིལ་རྗེས། ཞི་ཅིན་ཕིང་དང་མ་ཁེ་ལི་རྣམ་གཉིས་ཙུང་ཐུང་ལས་ཤག་གི་གཞུང་ལས་ཐོག་ཁང་ཕྱི་རོལ་གྱི་གསིང་མའི་ཐོག་ནས་ཐུགས་བག་ཡངས་པོའི་ངང་བཀལ་མོལ་གནང་བ་དང་། མ་ཁེ་ལིས་ཞི་ཅིན་ཕིང་ལ་རྟ་ཐོག་སྤོ་ལོའི་ལུས་རྩལ་ངོ་སྤྲོད་གནང་བ་མ་ཟད་ཀྲུང་གོའི་རྒྱལ་དར་གྱི་རི་མོ་བཀོད་པའི་རྟ་ཐོག་སྤོ་ལོའི་ཞྭ་མོ་ཞིག་དང་རྟ་ཐོག་སྤོ་ལོའི་དབྱུག་རྩེད་ཅིག་ཕྱག་བཏགས་ལ་ཕུལ་ཡོད། ཞི་ཅིན་ཕིང་གིས་ཕྱག་ཏུ་དབྱུག་རྩེད་བཞེས་ནས་སྤོ་ལོ་སྐྱོན་གནང་བ་དང་། མ་ཁེ་ལིས་བསྔགས་བརྗོད་ཞུས་ཡོད། ཞི་ཅིན་ཕིང་གིས་མ་ཁེ་ལིར་ཀྲུང་གོའི་ཚེམ་དྲུབ་བརྩམ་བྱ་ཐང་རྒྱལ་རབས་ཀྱི་བུད་མེད་རྟ་ཐོག་སྤོ་ལོའི་རི་མོ་ཞིག་ཕྱག་བཏགས་སུ་ཕུལ་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལུས་རྩལ་སྤེལ་རེས་བྱ་རྒྱུ་དང་དམངས་ཁྲོད་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུའི་ཐད་དགོངས་འཆར་བརྗེ་རེས་གནང་ཡོད་པ་རེད།