ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་དང་ཕ་ན་མའི་ཙུང་ཐུང་ཕ་ལེ་ལ་ཡིས་ལྷན་དུ་ཕ་ན་མ་མིས་བཟོས་ཆུ་ལམ་གྱི་གྲུ་འགག་གསར་པར་ལྟ་སྐོར་གནང་བ།

སྤེལ་དུས 2018-12-05 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
             ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་༡༢པའི་ཚེས་༣ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ན་མ་གྲོང་ཁྱེར་དུ་ཕ་ན་མའི་ཙུང་ཐུང་ཕ་ལེ་ལ་དང་ལྷན་དུ་ཕ་ན་མ་མིས་བཟོས་ཆུ་ལམ་གྱི་གྲུ་འགག་གསར་པར་ལྟ་སྐོར་གནང་ཡོད་པ་རེད།
             ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྲུ་འགག་གསར་བར་སླེབས་སྐབས། ཙུང་ཐུང་ཕ་ལེ་ལ་དང་སྐུ་ཟླ་ཁ་སི་ཏི་ལེའུ་གཉིས་ཀྱིས་རླངས་འཁོར་འཇོག་ས་ནས་ཕེབས་བསུས་ཞུས་པ་རེད།
             ཐག་ཉེ་སར། དོས་སྒམ་བྱུར་བུར་བླུགས་པའི་ཀྲུང་གོའི་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་ཚོགས་པའི་རྒྱ་སེ་མེ་ཏོག་རྟགས་ཅན་གྱི་གྲུ་གཟིངས་དེ་གྲུ་འགག་ཨང་དང་པོ་རུ་བཅར་ནས་གྲུ་འགག་ལས་བརྒལ་རྒྱུར་སྒུག་ཡོད། གྲུ་གཟིངས་འདི་ཉིད་ད་ལོའི་སྤྱི་ཟླ་༡༠པའི་ཚེས་༡ཉིན་ཀྲུང་གོའི་ཆིན་ཏོ་ནས་གཏོང་འགོ་ཚུགས་ཤིང་། ཞི་བདེ་རྒྱ་མཚོ་ཆེན་མོ་འཕྲེད་ཀྱིས་བཅད་དེ། ཕ་ན་མ་མིས་བཟོས་ཆུ་ལམ་བརྒལ་བ་དང་ནུབ་རྒྱ་མཚོ་ཆེན་མོ་བརྒྱུད་ནས་ཨ་རིའི་གྲུ་འགག་༣པར་སླེབས་པ་དང་། ད་ལྟ་ཕ་མ་ན་མིས་བཟོས་ཆུ་ལམ་བརྒྱུད་ནས་ཕྱིར་ལོག་བཞིན་ཡོད་པ་རེད།
             རྒྱལ་ཁབ་གཉིས་ཀྱི་གཙོ་བདག་ནས་ཀྲུང་གོའི་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་ཚོགས་པའི་འགན་འཁུར་མི་སྣས་རྒྱ་སེ་མེ་ཏོག་རྟགས་ཅན་གྲུ་གཟིངས་ཀྱི་གནས་ཚུལ་དང་ཀྲུང་གོའི་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་ཚོགས་པས་ཕ་ན་མ་རུ་སྐྱེལ་འདྲེན་བྱེད་པའི་གནས་ཚུལ་ངོ་སྤྲོད་བྱས་པར་གསན་པ་རེད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་སྟངས་དཔྱལ་ནས་རྒྱ་སེ་མེ་ཏོག་རྟགས་ཅན་གྱི་གྲུ་གཟིངས་ཀྱི་གྲུ་པའི་ཕྱོགས་སུ་ཕྱག་གཡུགས་ནས་གུས་ལན་གནང་ཡོད་པ་རེད། གྲུ་པ་རྣམས་ཀྱིས་ཀྲུང་གོ་དང་ཕ་ན་མའི་རྒྱལ་དར་གཡུག་གཡུག་བྱས་ནས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་སྟངས་དཔྱལ་ལ་འཚམས་འདྲི་ཞུས་པ་ཡོད་པ་རེད།
             ཞི་ཅིན་ཕིང་གིས་རྒྱ་སེ་མེ་ཏོག་རྟགས་ཅན་གྱི་གྲུ་གཟིངས་ཀྱི་གྲུ་དཔོན་ལ་ཞལ་པར་བཏང་ནས། གྲུ་ཐོག་གི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ཐད་བཀའ་འདྲི་གནང་བ་དང་། གྲུ་པ་ཡོངས་ལ་འཚམས་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས། ཕ་ན་མ་མིས་བཟོས་ཆུ་ལམ་ནས་རྒྱ་སེ་མེ་ཏོག་རྟགས་ཅན་གྱི་གྲུ་གཟིངས་ཀྱི་གྲུ་དཔོན་དང་གྲུ་པ་རྣམས་ལ་ཁ་པར་གཏོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཁྱེད་ཚོས་ཕ་ན་མ་མིས་བཟོས་ཆུ་ལམ་བེད་སྤྱོད་ལེགས་པོ་བྱེད་པ་དང་། དངོས་ཟོག་སྐྱེལ་འདྲེན་ཟམ་མི་ཆད་པར་ལེགས་བཅོས་བྱས་ཏེ། རྒྱལ་ཁབ་ཀྱི་མཚོ་ཐོག་སྐྱེལ་འདྲེན་ལས་རིགས་དང་གོ་ལ་ཧྲིལ་བོའི་ཉོ་ཚོང་དར་རྒྱས་ཡོང་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད། ངོས་ནས་ཕྱི་ཡུལ་དུ་མཚོ་ཐོག་རྒྱང་སྐྱོད་བྱེད་བཞིན་པའི་གྲུ་པ་རྣམས་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། ཁྱེད་ཚོའི་ལས་ཀ་དང་འཚོ་བ་བདེ་བླག་ཡོང་བ་དང་། དགའ་སྤྲོ་ཆེན་པོས་གྲུ་གཟིངས་ཕྱིར་སྐྱོད་པ་དང་། བདེ་ཐང་ངང་ཁྱིམ་ལ་ལོག་ཐུབ་པའི་རེ་བ་ཡོད། ཁྱེད་རྣམས་ཀྱི་བྱ་བ་ལམ་འགྲོ་ཡོང་བར་སྨོན་ཞེས་གསུངས་ཡོད་པ་རེད།
             རྒྱ་སེ་མེ་ཏོག་རྟགས་ཅན་གྱི་གྲུ་གཟིངས་ཀྱི་གྲུ་དཔོན་དང་གྲུ་པ་རྣམས་ཀྱིས་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་དང་བཀའ་མངགས་ཐོས་སྐབས་སེམས་ལ་དགའ་སྤྲོ་ཆེན་པོ་བྱུང་ཞེས་བཤད་པ་དང་། ཁོང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲུ་པ་ཡོངས་ལ་ཐུགས་ཁུར་དང་ཁམས་བདེའི་འཚམས་འདྲི་ཞུས་པར་བཀའ་དྲིན་ཆེ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས། བྱ་སྤྱོད་ངོ་མའི་ཐོག་ནས་ཀྲུང་གོ་དང་ཕྱིའི་རྒྱལ་ཁབ་བར་གྱི་དཔལ་འབྱོར་ཉོ་ཚོང་ཐད་ཀྱི་འགྲོ་འོང་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།
             དེའི་རྗེས་སུ། རྒྱལ་ཁབ་གཉིས་ཀའི་གཙོ་བདག་སྟངས་དཔྱལ་གྲུ་འགག་ཚོད་འཛིན་གནམ་ལྕོག་ཏུ་བསྐྱོད་དེ། ཕ་ན་མ་མིས་བཟོས་ཆུ་ལམ་གྱི་དོ་དམ་དང་སྐྱེལ་གཉེར་གྱི་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་པ་རེད། ཚོད་འཛིན་ཁང་གི་ཕྱི་རོལ་གྱི་སྟེགས་བུའི་སྟེང་ནས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་གྲུ་འགག་གསར་པ་དང་མིས་བཟོས་ཆུ་ལམ་གྱི་ཡུལ་ལྗོངས་ཧྲིལ་པོར་གཟིགས་ཡོད་པ་རེད། ཕ་ལེ་ལ་ཡིས་ཞི་ཅིན་ཕིང་ལ་མིས་བཟོས་ཆུ་ལམ་གྱི་ལོ་རྒྱུས་དང་། ད་ལྟའི་གནས་ཚུལ། མ་འོངས་པའི་གོང་འཕེལ་འཆར་གཞི་བཅས་ངོ་སྤྲོད་གནང་བ་རེད།
             རྒྱལ་ཁབ་གཉིས་ཀྱི་གཙོ་བདག་ཚོད་འཛིན་ཁང་དུ་ཕེབས་རྗེས། ཕ་ལེ་ལ་ཡིས་ཞི་ཅིན་ཕིང་ལ་ཚོད་འཛིན་གློག་ཀླད་སྟེང་གི་མཐེབ་གཅུས་གནན་ནས། གྲུ་འགག་གི་སྒོ་ཕྱེ་རུ་བཅུག་ཡོད་པ་རེད། གྲུ་འགག་གི་སྒོ་གཞོགས་གཉིས་སུ་ཕྱེ་བ་དང་བསྟུན་ནས། རྒྱ་སེ་མེ་ཏོག་རྟགས་ཅན་གྱི་གྲུ་གཟིངས་དལ་བུར་གྲུ་འགག་ནས་བརྒལ་བ་དང་། ཚོད་འཛིན་ཁང་དུ་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་ཡོད་པ་རེད།
             ཕ་ན་མ་མིས་བཟོས་ཆུ་ལམ་ནི་ཞི་བདེ་རྒྱ་མཚོ་ཆེན་མོ་དང་ནུབ་རྒྱ་མཚོ་ཆེན་མོ་འབྲེལ་མཐུད་བྱེད་པའི་རྒྱལ་སྤྱིའི་ཆུ་ལམ་གལ་ཆེན་ཞིག་ཡིན་ལ། སྤྱི་ལོ་༡༩༡༤ལོར་ཤར་གཏོང་བྱས་འགོ་བརྩམས་པ་རེད། སྤྱི་ལོ་༡༩༩༩ལོར། ཕ་ན་མས་མིས་བཟོས་ཆུ་ལམ་གཉེར་སྐྱོང་གི་བདག་དབང་ཕྱིར་བླངས་པ་རེད། སྤྱི་ལོ་༢༠༡༦ལོར། མིས་བཟོས་ཆུ་ལམ་གྱི་རྒྱས་སྐྲུན་ལེགས་གྲུབ་བྱུང་ཡོད་པ་རེད།