ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ཀྲུང་དབྱང་སྲིད་ཁྲིམས་ལས་དོན་གྲོས་ཚོགས་ཐོག་འདི་ལྟར་གསུངས་འདུག

སྤེལ་དུས 2019-01-17 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཀྲུང་དབྱང་གི་སྲིད་ཁྲིམས་ལས་དོན་གྲོས་ཚོགས་དེ་སྤྱི་ཚེས་བཅོ་ལྔ་ཉིན་ནས་བཅུ་དྲུག་ཉིན་བར་པེ་ཅིན་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གལ་ཆེའི་གསུང་བཤད་གནང་བ་རེད། ཁོང་གིས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གིས་སྲིད་ཁྲིམས་ལས་དོན་ལ་ལྟོས་མེད་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་བསམ་བློ་རྒྱུན་འཁྱོངས་བཅས་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་དང་། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་ཁྱོན་ཡོངས་བསྒྱུར་བཅོས་ མགྱོགས་སུ་གཏོང་བ། སྲིད་ཁྲིམས་དཔུང་ཁག་གསར་བརྗེ་ཅན་དང་། ཚད་ལྡན་ཅན། ཆེད་ལས་ཅན། ལས་རིགས་ཅན་བཅས་ཀྱི་འཛུགས་སྐྱོང་མགྱོགས་སུ་གཏོང་བ། བློ་དཀར་སྒོ་ནས་འགན་འཁྲི་གཙང་སྒྲུབ་བྱེད་པ། འགན་འཁྲི་འཁུར་ཕོད་པ། བློ་རིག་རྣོ་པོས་བསྒྱུར་བཅོས་གསར་གཏོད་བྱེད་བཅས་བྱས་ནས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོབ་ཡག་པོ་དང་། སྤྱི་ཚོགས་གནས་བབ་བརྟན་ལྷིང་འགན་སྲུང་། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་སྐུལ་འདེད། མི་དམངས་ཀྱི་བདེ་སྡོད་ལས་བརྩོན་ལ་འགན་སྲུང་བཅས་བྱེད་པའི་འགན་འཁྲི་ལེགས་པར་སྒྲུབ་ནས། སྲིད་ཁྲིམས་བྱ་གཞག་གོང་འཕེལ་གྱི་ལེའུ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་ནན་སྟོན་གནང་འདུག
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གྲོས་ཚོགས་ལ་ཞུགས་པ་རེད།
           ཞི་ཅིན་ཕིང་གིས་གསུང་བཤད་ནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་སྲིད་ཁྲིམས་ལས་དོན་དེ་བས་གལ་ཆེ་བའི་གནས་བབ་ཐོག་བཞག་ནས་དམ་འཛིན་བྱས་པ་དང་། གལ་ཆེའི་ཇུས་འགོད་རབ་དང་རིམ་པ་བྱས་པ་དང་། བྱ་ཐབས་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས་ནས། ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བདེ་འཇགས། མི་དམངས་ཀྱི་བདེ་འཁོད་བཅས་ལ་སྲུང་སྐྱོབ་བྱས་པ་དང་། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། དེ་ནི་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་ཀྱི་མཇུག་འབྲས་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་འབད་འཐབ་བྱས་པའི་མཇུག་འབྲས་ཡིན་ཞིང་། དེར་རྒྱལ་ཡོངས་སྲིད་ཁྲིམས་འཐབ་ཕྱོགས་དང་རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་པའི་བློ་གྲོས་དང་རྔུལ་ཆུ་འདུས་ཡོད་ཅེས་ནན་སྟོན་གནང་བ་དང་། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་པར་ལྷག་བསམ་དག་པའི་འཚམས་འདྲི་ཞུས་ཡོད་པ་རེད།
           ཞི་ཅིན་ཕིང་གིས། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་གྱིས། སྤྱི་ཚོགས་བཅོས་སྐྱོང་མང་ཚོགས་ཀྱི་ཆེད་དུ་ཡིན་པ་རྒྱུན་འཁྱོངས་དང་། ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་ལག་རྩལ་གསར་པ་དང་བྱ་ཐབས་གསར་པ་ཟུང་འབྲེལ་མཁས་པོ་བྱས་ནས། མང་ཚོགས་སྒྲིག་འཛུགས་དང་མང་ཚོགས་སྐུལ་སློང་བྱེད་པའི་སྒྲིག་གཞི་གསར་གཏོད་དང་། དམངས་ཀྱི་ཁེ་ཕན་བརྩོན་ལེན་བྱེད་པ་དང་། དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ། མང་ཚོགས་ཀྱི་སེམས་ཁྲལ་སེལ་རོགས་བྱེད་པ་བཅས་ཀྱི་སྒྲིག་གཞི་གསར་གཏོད་བྱས་ནས། མང་ཚོགས་ཀྱི་བློ་རིག་འཇོན་ཐང་དེ་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ཀྱི་འབྱུང་ཁུངས་སུ་འགྱུར་བ་བྱ་དགོས། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བའི་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། གནམ་སྔར་བས་སྔོ་བ་དང་། ཆུ་སྔར་བས་དྭངས་བ། མཁའ་རླུང་སྔར་བས་གཙང་བ། ཟས་རིགས་སྔར་བས་བདེ་འཇགས་དང་ལྡན་པ། འགྲིམ་འགྲུལ་སྔར་བས་ཤར་གཏོང་ཐུབ་པ། སྤྱི་ཚོགས་སྔར་བས་ཞི་མཐུན་གོ་རིམ་དང་ལྡན་པར་འགྱུར་བ་བྱ་དགོས་ཞེས་ནན་སྟོན་གནང་འདུག
           ཞི་ཅིན་ཕིང་གིས། ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཟང་ཆ་དེ་སྤྱི་ཚོགས་བཅོས་སྐྱོང་གི་བྱེད་ནུས་ལ་འགྱུར་བ་བྱེད་དགོས་པ་དང་། ཏང་ཨུད་ཀྱི་འགོ་ཁྲིད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། སྤྱི་ཚོགས་ཀྱིས་མཐུན་སྦྱོར་བྱེད་པ། མང་ཚོགས་ཐེ་ཞུགས་བྱེད་པ། ཁྲིམས་ལུགས་ཀྱི་འགན་སྲུང་ཡོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས། ། མཉམ་བསྐྲུན་མཉམ་སྐྱོང་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གནས་སྟངས་གྲུབ་པ་བྱ་དགོས་པ། བདེ་འཇགས་འཛུགས་སྐྱོང་ལས་དོན་གྱི་མཐུན་སྦྱོར་སྒྲིག་གཞི་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་ཁྲིམས་མ་ལག་དང་འབྲེལ་ཡོད་སྡེ་ཁག་གི་ཐོན་ཁུངས་སྟོབས་ཤུགས་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས། གནད་དོན་མཉམ་བཅོས་དང་། ལས་དོན་མཉམ་སྒྲུབ། བདེ་འཇགས་མཉམ་གཏོད་བཅས་ཀྱི་གནས་སྟངས་ཡག་པོ་གྲུབ་པ་བྱ་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གྱིས་བདེ་འཇགས་འཛུགས་སྐྱོང་གི་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཡག་པོ་ཡོང་བ་བྱས་ནས། ཡུལ་ཕྱོགས་གཅིག་གི་བདེ་འཇགས་ལ་སྲུང་སྐྱོབ་དང་། ཡུལ་ཕྱོགས་གཅིག་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ཡག་པོ་བྱ་དགོས་པ། གྲོང་ཁུལ་བཅོས་སྐྱོང་གསར་གཏོད་ལ་སྐུལ་འདེད་ཀྱིས། གསོན་ཤུགས་དང་ཕན་འབྲས་ལྡན་པའི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་མ་ལག་གསར་པ་བསྐྲུན་དགོས་ཞེས་ནན་སྟོན་གནང་འདུག
           ཞི་ཅིན་ཕིང་གིས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་བཏང་ནས། བསམ་བློའི་སློབ་གསོ་དང་། ཀུན་སྤྱོད་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་དཔེ་བཟང་དཔྱད་འདེམས་གཟེངས་བསྟོད་ལས་དོན་ལེགས་བཅོས་ བྱས་ཏེ། སྤྱི་ཚོགས་ཡོངས་སུ་སྤྱོད་བཟང་དང་དྲང་བདེན་གྱིས་ཁེངས་པ་བྱེད་དགོས། ཁྲིམས་ལྟར་བྱ་དོན་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་ལུགས་ལ་བརྩི་སྲུང་ཞུ་མཁན་མགོ་འཕང་མཐོ་ཞིང་། ཁྲིམས་འགལ་སྤྱོད་ངན་པ་བྱ་དཀའ་བྱེད་གཏད་ལ་འགྱུར་བ་བྱེད་དགོས། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་དང་། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་སྒྲིག་འཛུགས་བཅས་ཀྱི་རང་བདག་རང་སྐྱོང་གི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་དགོས་པ་དང་། མི་ཚང་མར་འགན་འཁྲི་ཡོད་པ་དང་མི་ཚང་མས་འགན་འཁྲི་འཁུར་བའི་སྤྱི་ཚོགས་བཅོས་སྐྱོང་གི་ཐུན་མོང་མ་ལག་བསྐྲུན་དགོས། སྤྱི་ཚོགས་ཡོངས་ཀྱི་སེམས་ཁམས་ཞབས་ཞུའི་མ་ལག་དང་ཁྲིད་སྟོན་སྒྲིག་གཞི། ཉམས་ཉེན་ཐེ་གཏོགས་སྒྲིག་གཞི་བཅས་འཐུས་སྒོ་ཚང་དུ་བཏང་ནས། རང་བཀུར་བློ་སྤོབས་དང་། སྟངས་འཛིན་ཞི་ལྷོད། མཐུན་འབྲེལ་མཛའ་བརྩེ་བཅས་ཀྱི་སྤྱི་ཚོགས་སེམས་ཁམས་གཏོད་དགོས། ལངས་གཟུགས་ཅན་དང་ཆ་འཕྲིན་ཅན་གྱི་སྤྱི་ཚོགས་བཅོས་སྐྱོང་འགོག་སྲུང་མ་ལག་འཛུགས་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས་ཞེས་བསྟན་པ་དང་། ཞི་ཅིན་ཕིང་གིས། ནག་ཚོགས་དང་ངན་ཚོགས་སྟོབས་ཤུགས་ནི་སྤྱི་ཚོགས་ཀྱི་དུག་སྐྲན་ཡིན་པས། དཔལ་འབྱོར་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་གཏོང་བ་དང་། ཏང་གི་སྲིད་འཛིན་རྨང་གཞིར་བསླད་སྐྱོན་གཏོང་གི་ཡོད། དུས་བཀག་ལོ་གསུམ་གྱི་དམིགས་འབེན་ལ་ལྷོད་གཡེངས་མི་བྱེད་པར། དུས་མཚམས་དབྱེ་བ་དང་ཁྱབ་ཁོངས་དབྱེ་ནས་ཐབས་ཇུས་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། གཙོ་རྒོལ་ཁ་ཕྱོགས་ལེགས་སྒྲིག་བྱེད་པ། ཕར་རྒོལ་གྱི་སྟོབས་ཤུགས་ཆེན་པོ་རྒྱུན་འཁྱོངས་བྱེད་དགོས། ནག་ཚོགས་དང་ངན་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཆེ་ཁག་དང་། ནག་ཚོགས་དང་ངན་ཚོགས་སྟོབས་ཤུགས་ཀྱི་དཔལ་འབྱོར་རྨང་གཞི་དང་། རྒྱབ་ཕྱོགས་ཀྱི་འབྲེལ་བ་དང་། སྲུང་སྐྱོབ་བྱེད་མཁན་བཅས་ཚང་མར་དམ་པོར་དམིགས་ཏེ། རྡུང་རྡེག་དང་དོགས་ཟོན་གཉིས་ཀར་མཐོང་ཆེན་བྱ་རྒྱུ་དང་། རྩ་ལག་མཉམ་བཅོས་བྱ་རྒྱུའི་ཐད་ཤུགས་རྒྱག་དགོས་པ་དང་ཞིབ་ཕྲའི་ལས་ཀ་བྱས་ནས། ནུས་པ་དངོས་ཐོན་པ་དང་ཡུན་རིང་ནུས་པ་ཐོན་པའི་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
           ཞི་ཅིན་ཕིང་གིས། སྲིད་ཁྲིམས་ཁོངས་གཏོགས་ཀྱིས་འགོ་འཛུགས་ས་དེ་བས་མཐོ་བའི་ཐོག་ནས། བསྒྱུར་བཅོས་ལ་འགག་གཏོར་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཕུལ་དུ་བྱུང་བ་དང་མཐུན་སྦྱོར། ལས་ཆོད་མཐོ་བ་བཅས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱི་འགན་ནུས་མ་ལག་གང་མགྱོགས་འཛུགས་དགོས། སྲིད་ཁྲིམས་ལས་ཁུངས་ཀྱི་འགན་དབང་ཆ་སྦྱོར་ལེགས་བསྒྱུར་བྱས་ཏེ། རང་འཁྲིའི་འགན་འཁྲི་ཁུར་བ་དང་། གཞོགས་འདེགས་ནུས་ལྡན་བྱེད་པ། ཚོད་འཛིན་ནུས་ལྡན་བྱེད་པ་བཅས་ཀྱི་ལས་ཀའི་མ་ལག་འཛུགས་དགོས། སྲིད་ཁྲིམས་ལས་ཁུངས་ནང་གི་ལས་ཁུངས་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། འགན་ནུས་ཆ་སྦྱོར་་དང་ལས་ཁུངས་བཀོད་སྒྲིག མི་སྣའི་སྒྲིག་ཁོངས་བཅས་ལེགས་བསྒྱུར་བྱས་ཏེ། ཁོར་རྒྱུག་དེ་བས་བདེ་བླག་དང་ནུས་པ་དེ་བས་ཆེ་བ་ཐོན་པ་བྱེད་དགོས། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁྲིམས་འཛིན་མི་སྣས་བློ་རྩེ་གཅིག་སྒྲིམ་གྱིས་འགན་འཁྲི་ཡག་པོ་ཁུར་བ་དང་གྱོད་གཞི་ཡག་པོ་སྒྲུབ་ཏུ་བཅུག་སྟེ། ཁྲིམས་འཛིན་སྤུས་ཚད་དང་ལས་ཆོད། ཡིད་ཆེས་བྱེད་ཤུགས་བཅས་ཆེ་རུ་གཏོང་དགོས། མི་དམངས་མང་ཚོགས་ཀྱིས་ལན་ཆ་ཆེན་པོ་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ལ་གཅིག་བསྡུས་བྱས་ཏེ། དབང་ཆ་ཁོར་རྒྱུག་ལ་ལྟ་སྐུལ་དང་ཚོད་འཛིན་བྱེད་པའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམ་འཛིན་བྱེད་པ་དང་། ཁྲིམས་འཛིན་ནན་པོ་མེད་པ་དང་ཁྲིམས་འཛིན་གཞུང་དྲང་མེད་པ། ཐ་ན་ཁྲིམས་འཛིན་ཁྲིམས་འགལ་དང་ཁྲིམས་འཛིན་རུལ་སུངས་བཅས་ཐོན་རྒྱུར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། གཏུག་བཤེར་ལམ་ལུགས་བསྒྱུར་བཅོས་བྱེད་ཤུགས་གཏིང་ཟབ་ཏུ་གཏོང་བ་དང་། གྱོད་གཞི་རྙོག་འཛིང་ཆེ་བ་དང་སྟབས་བདེ་བ་དབྱེ་བ་འབྱེད་པ་དང་། ཡང་ལྕི་དབྱེ་བ་འབྱེད་པ། མགྱོགས་དལ་དབྱེ་བ་འབྱེད་པ་བཅས་ལ་སྐུལ་འདེད་གཏོང་བ། གྲངས་གཞི་ཆེན་མོ་དང་མི་བཟོས་རིག་ནུས་སོགས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དང་ཁྲིམས་འཛིན་ལས་དོན་ཟུང་འབྲེལ་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད་པ་རེད།
           ཞི་ཅིན་ཕིང་གིས། སྲིད་ཁྲིམས་ལས་ཁུངས་ཀྱིས་སྤྱི་པའི་ཞབས་ཞུའི་འགན་ནུས་ཆེན་པོ་འཁུར་ཡོད་པས། ཀུན་ཕན་བཏང་སྙོམས་དང་སྟབས་བདེ་ནུས་མཐོ། རིག་ནུས་གནད་འཕིགས་བཅས་ཀྱི་སྤྱི་པའི་ཞབས་ཞུ་ཧུར་ཐག་བསྒྲུབ་དགོས། ལག་ཁྱེར་ཉུང་གཏོང་དང་དམངས་ལ་སྟབས་བདེ་བསྐྲུན་པའི་བྱ་སྤྱོད་མུ་མཐུད་སྤེལ་ནས། ས་ཁོངས་བརྒལ་བའི་གྱོད་དོན་ཐོ་འགོད་དང་གཏུག་བཤེར་ཞབས་ཞུའི་བསྒྱུར་བཅོས་མགྱོགས་སུ་གཏོང་བ་དང་། གཏུག་བཤེར་བྱ་དོན་ས་ཁོངས་བརྒལ་ནས་རྒྱང་རིང་ནས་གཉེར་རྒྱུ་དང་། བང་རིམ་བརྒལ་ནས་མཉམ་དུ་ལས་གཉེར་བྱ་རྒྱུར་སྐུལ་འདེད་བཏང་ཐོག ས་གནས་གཞན་དུ་གཏུག་བཤེར་བྱེད་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་མ་ལག་འཛུགས་རྒྱུ་གཏིང་ཟབ་ཏུ་བཏང་ནས། ཁྲིམས་རྩོད་པ་དང་། གཞུང་དཔང་། ཁྲིམས་འཛིན་གསལ་འབྱེད། བར་འདུམ། ཁྲིམས་འཛིན་སོའོ། མི་དམངས་བར་འདུམ་སོགས་ཁྲིམས་ལུགས་ཞབས་ཞུའི་ཐོན་ཁུངས་ལེགས་སྒྲིག་མགྱོགས་སུ་བཏང་ནས། ལས་སྒོ་ཡོངས་ལ་ཁེབས་པ་དང་། དུས་ཚོད་ཡོངས་ལ་ཁེབས་པའི་ཁྲིམས་ལུགས་ཞབས་ཞུའི་དྲ་བ་གང་མགྱོགས་བསྐྲུན་ཚར་བ་བྱེད་དགོས། ཕྱི་རྒྱལ་གྱི་བདེ་འཇགས་སྲུང་སྐྱོབ་མ་ལག་འཛུགས་རྒྱུ་མགྱོགས་སུ་བཏང་ནས། རང་རྒྱལ་གྱི་ཕྱི་རྒྱལ་ལ་ཡོད་པའི་ལས་ཁུངས་དང་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
           ཞི་ཅིན་ཕིང་གིས། ལངས་ཕྱོགས་བརྟན་པོའི་སྒོ་ནས་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་ཨང་དང་པོར་འཇོག་དགོས་པ་དང་། ཏང་ཀྲུང་དབྱང་གནས་བཟོད་བདེ་ཞིང་། མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་བྱང་ཚད་མཐོ་བའི་སྲིད་ཁྲིམས་དཔུང་ཁག་ཅིག་འཛུགས་སྐྱོང་བྱ་དགོས། ཚན་རིག་དང་མཐུན་པའི་་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོད་རྒྱུར་དམ་འཛིན་བྱེད་དགོས་པ་དང་། རྒྱ་ཆེའི་ལས་བྱེད་ཉེན་རྟོག་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་གོ་བ་གཏིང་ཟབ་ལོན་རྒྱུར་ཁྲིད་སྟོན་བྱེད་དགོས་ཤིང་། འདུ་ཤེས་བཞི་ཤུགས་ཆེར་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་སྒྲུབ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཛུགས་སྐྲུན་བྱེད་མཁན་ཞིག་དང་བརྟན་སྲུང་ཞིག་བྱེད་མཁན་བྱེད་དགོས། སྲིད་ཁྲིམས་ལས་ཁུངས་ཀྱིས་བཤགས་བཅོས་བྱེད་ཕོད་པའི་སྙིང་སྟོབས་ཐོག་ནས་སྲིད་ཁྲིམས་ལས་ཀར་གནོད་འཚེ་གཏོང་མཁན་རྣམས་ཚར་གཅོད་བྱེད་དགོས་ཞེས་བསྟན་གནང་ཡོད།
           ཞི་ཅིན་ཕིང་གིས། སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཆེད་ལས་ཅན་དུ་འཛུགས་སྐྱོང་བྱ་རྒྱུ་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་དམ་འཛིན་བྱེད་དགོས། ཆེད་ལས་ཅན་དུ་འཛུགས་སྐྱོང་བྱ་དུས་དངོས་འཐབ་དང་སྤྱོད་གོ་ཆོད་པ། ཕན་ནུས་ཆེ་བ་བཅས་ཀྱི་ཁྲིད་ཕྱོགས་འབུར་དུ་ཐོན་པ་བྱེད་དགོས་པ་དང་། སྒོ་ཀུན་ནས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་བཅའ་ཁྲིམས་སྲིད་ཇུས་བེད་སྤྱོད་བྱེད་པའི་ནུས་པ་དང་ཉེན་ཁར་སྔོན་འགོག་ཚོད་འཛིན་བྱེད་པའི་ནུས་པ། མང་ཚོགས་ལ་ལས་དོན་སྒྲུབ་པའི་ནུས་པ། ཚན་རྩལ་བཀོལ་སྤྱོད་ནུས་པ། གླེང་ཕྱོགས་ཁྲིད་སྟོན་ནུས་པ་བཅས་མཐོ་རུ་གཏོང་དགོས། སྲིད་ཁྲིམས་དཔུང་ཁག་ནི་ཞི་བདེའི་དུས་རབས་སུ་ལེགས་སྐྱེས་འབུལ་མང་ཤོས་དང་བློས་གཏོང་བྱེད་མང་ཤོས་ཀྱི་དཔུང་ཁག་ཅིག་རེད། དམིགས་གསལ་གྱི་དཔུང་ཁག་དེར་དམིགས་གསལ་གྱི་གཅེས་སྐྱོང་བྱེད་དགོས་ལ། ཆབ་སྲིད་ཐད་ནས་སྐུལ་ལྕགས་དང་ལས་ཀའི་ཐད་ནས་སྐུལ་ལྕགས། ཐོབ་ཆའི་ཐད་ནས་འགན་སྲུང་། མི་ཆོས་ཐོག་ནས་ཐུགས་ཁུར་བཅས་བྱེད་དགོས་ཤིང་། འཐབ་བརྒྱ་ཇུས་སྟོང་གིས་དོན་དངོས་དཀའ་ངལ་སེལ་རོགས་བྱས་ཏེ་ལས་བྱེད་ཉེན་རྟོག་པ་རྣམས་གཟུགས་པོ་བདེ་ཐང་། སེམས་པ་སྐྱིད་པོ། ལས་ཀ་སྐྱིད་པོ་བཅས་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
           ཞི་ཅིན་ཕིང་གིས། སྲིད་ཁྲིམས་འགོ་ཁྲིད་མཉམ་སྡེབ་དང་ལས་བྱེད་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། སྲིད་ཁྲིམས་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པས་སྲིད་ཁྲིམས་ཚན་པས་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། ཁྲིམས་འཛིན་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་རང་ཚུགས་གཞུང་དྲང་ངང་དབང་ཆ་བེད་སྤྱོད་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ལས་ཀའི་གཙོ་གནད་དེ་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་དང་། ཕྱོགས་ཁག་གི་འགན་ནུས་མཐུན་སྦྱོར། སྲིད་ཁྲིམས་ལས་དོན་ལ་གཅིག་གྱུར་བཀོད་སྒྲིག་བྱེད་པ། སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་བྱེད་པ། གཞུང་དྲང་ཁྲིམས་འཛིན་བྱེད་པའི་ཁོར་ཡུག་གཏོད་པ་བཅས་ཀྱི་ཐོག་བཞག་ཏེ་ཆབ་སྲིད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། ཕྱོགས་བསྡུས་ལྟ་སྐུལ་མཛུབ་ཁྲིད་བྱེད་པ། ཁྲིམས་ལྟར་ལ་ལྟ་སྐུལ་བྱེད་པ། སྒྲིག་ཁྲིམས་སྤྱོད་ཚུལ་ལ་ལྟ་སྐུལ་སྐོར་ཞིབ་བྱེད་པ་སོགས་ཀྱི་ལམ་ལུགས་སྒྲིག་གཞི་གཏོད་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བསྟན་གནང་ཡོད།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀོ་ཧྲེང་ཁུན་གྱིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱིས་དུས་རབས་གསར་པའི་སྲིད་ཁྲིམས་བྱ་གཞག་གོང་འཕེལ་ཐད་ཇུས་འགོད་གནང་ཡོད་ལ། རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས་ཏེ་འདུ་ཤེས་བཞི་ཤུགས་ཆེར་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་སྒྲུབ་བྱེད་པ། འབད་པ་ཆེན་པོས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་དང་། སྤྱི་ཚོགས་ཀྱི་གནས་བབ་བརྟན་ལྷིང་ཡོང་རྒྱུར་འགན་སྲུང་། སྤྱི་ཚོགས་གཞུང་དྲང་ལུགས་མཐུན་ཡོང་རྒྱུར་སྐུལ་འདེད། མི་དམངས་བདེ་སྡོད་ལས་བརྩོན་ཡོང་རྒྱུར་འགན་སྲུང་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་བསུ་བ་ཞུ་དགོས་ཞེས་གསུངས་ཡོད།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་ཁག་ཅིག་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེད་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་བཅས་གྲོས་ཚོགས་སུ་ཞུགས་ཡོད་པ་རེད།
           ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་སྲིད་ཁྲིམས་ལས་ཁུངས་ཁག ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་འཆར་གཞི་ཟུར་བཀོད་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ། གཞུང་ཁོངས་ཁེ་ལས་དང་སློབ་གྲྭ དམག་དཔུང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཡང་གྲོས་ཚོགས་སུ་ཞུགས་ཡོད།
           གྲོས་ཚོགས་ནི་བརྙན་འཕྲིན་ཁ་པར་ལམ་ནས་འཚོགས་ཤིང་། ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེར་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།