ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ཉིང་ཁྲིའི་རུ་འབྲིང་གིས་ཆུ་ཁོངས་རོགས་སྐྱོབ་སྦྱོང་བརྡར་སྒྲིག་འཛུགས་ནན་མོ་བྱས་པ།

སྤེལ་དུས 2019-01-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རོགས་སྐྱོབ་བྱེད་ཐབས་སྔར་བས་རྒྱ་བསྐྱེད་དང་། ཆུ་ཁོངས་རོགས་སྐྱོབ་ཀྱི་གཞི་རྩའི་ལག་རྩལ་ཁོང་དུ་ཆུད་པ་དང་། དཔུང་ཁག་ཕྱོགས་བསྡུས་རོགས་སྐྱོབ་བྱེད་ནུས་ཆེ་རུ་གཏོང་ཆེད། ཟླ1པོའི་ཚེས20ཉིན། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་འབྲིང་གིས་ཆུ་ཁོངས་རོགས་སྐྱོབ་དངོས་འཐབ་ཅན་གྱི་སྦྱོང་བརྡར་སྒྲིག་འཛུགས་ནན་མོ་བྱས།

             ཆུ་ཁོངས་ཀྱི་རོགས་སྐྱོབ་ནི་གློ་བུར་དུ་བྱུང་བའི་རང་བཞིན་ཆེ་བ་དང་། ཉེན་ཁའི་རང་བཞིན་གྱི་བྱུང་ཚད་མཐོ་བ། དུས་ཚོས་ཉུང་བ། རོགས་སྐྱོབ་དཀའ་ཚེགས་ཆེ་བ། ལག་རྩལ་གྱི་བླང་བྱ་མཐོ་བ་བཅས་ཀྱི་རོགས་སྐྱོབ་སློབ་ཚན་ཞིག་ཡིན་ཞིང་། ད་ལྟ་ལམ་ལུགས་བསྒྱུར་བཅོས་བྱས་མ་ཐག་པའི་ནགས་ཚལ་མེ་སྐྱོན་འགོག་མཁན་ལ་མཚོན་ན་དེ་ནི་བསླབ་གཚན་གསར་པ་ཞིག་ཡིན། ཟླ1པོའི་ཚེས20 ཉིན་གྱི་ཆུ་ཚོད15 ཙམ་དུ། རུ་འབྲིང་གི་རུ་དཔོན་འབྲིང་བ་བཀྲ་ཤིས་ནོར་བུས་རུ་འབྲིང་གི་མི་སྣ་སུམ་ཅུ་ལྷག་གི་སྣེ་ཁྲིད་དེ་དེར་གཏོགས་ཀྱི་ཉང་ཆུ་གཙང་པོར་མི་ཞིག་གཟབ་གཟབ་མ་བྱས་པར་ཆུར་ལྷུང་བ་དངོས་སྦྱོང་གི་བསླབ་ཚན་བྱས་ཏེ་ཛ་དྲག་ཆེ་བའི་ངང་ཕྱིར་ཐོན་པ་དང་། དཔུང་ཤུགས་བསྐྱལ་བ། བྱ་འགུལ་གྱི་འཆར་གཞི་གཏན་འབེབས་དང་། ཆུ་ཐོག་གི་རོགས་སྐྱོབ་རྩ་འཛུགས་དང་གློ་སྙིང་འཕར་གསོ་སོགས་ཀྱི་ནང་དོན་སྦྱོང་བརྡར་བྱས། སྦྱོང་བརྡར་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ས་གནས་དེ་གའི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་ལྔ་རུ་སླེབས་པ་དང་། ཆུ་ངོས་ཀྱི་དྲོད་ཚད་དེ་དར་ཆགས་པར་ཉེ་བ་དང་གྲང་རླུང་རུས་རྐང་ཟུག་པར་བྱེད། འོན་ཀྱང་ཁོ་ཚོས་གྲང་འཁྱགས་བརྗེད་སོང་བ་ལྟར་སྙིང་སྟོབས་ཀྱིས་ཁེངས་ཏེ་སྙིང་རུས་ཆེན་པོས་ནན་ཏན་ངང་འགུལ་སྟངས་རེ་རེར་སློབ་སྦྱོང་བྱས། རུ་འབྲིང་གི་རུ་གཙོ་བཀྲ་ཤིས་ནོར་བུས་གོ་རིམ་ཧྲིལ་པོར་རྗེས་འདེད་ཀྱིས་སློབ་ཁྲིད་མཛུབ་སྟོན་བྱས་ཏེ་བདེ་འཇགས་ཡོང་བ་འགན་ལེན་ཏན་ཏིག་བྱེད་པའི་གནས་ཚུལ་འོག་དངོས་འཐབ་ཀྱི་སྦྱོང་བརྡར་ཕན་འབྲས་རྒྱ་ཆེ་རུ་བཏང་།

             ཆུ་ཁོངས་རོགས་སྐྱོབ་སློབ་སྦྱོང་དང་སྦྱོང་བརྡར་བྱས་པ་བརྒྱུད། རུ་མི་ཚོས་གཞི་རྩའི་རིགས་པའི་གཞུང་ལུགས་ལ་རྒྱུས་ལོན་དང་། གཞི་རྩའི་གོ་རིམ་ཁོང་དུ་ཆུད་དེ་དཔུང་སྡེའི་ཆུ་ངོས་དོན་རྐྱེན་ཀྱི་ཐག་གཅོད་བྱེད་ནུས་དངོས་སུ་མཐོར་འདེགས་སུ་བཏང་ཞིང་།  རིམ་པ་རྗེས་མར་རུ་འབྲིང་འདིས་ད་རུང་མུ་མཐུད་དུ་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ཕྱོགས་བསྡུས་སྦྱོང་བརྡར་སྤེལ་ཏེ་རོགས་སྐྱོབ་ཀྱི་ཆུ་ཚད་ཤུགས་ཆེན་སྒོས་གོང་མཐོར་གཏོང་བ་དང་། ལས་འགན་ཁག་ཡོངས་སུ་ལེགས་འགྲུབ་ཡོང་བར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།