ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་རྗེས་སུ་དྲན་པ།

སྤེལ་དུས 2019-01-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
              པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ནི་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་ཡིན་ལ་བོད་རིགས་མི་དམངས་ཀྱིས་གོང་བཀུར་མོས་གུས་ཡོད་པའི་སྐྱེས་བུ་རླབས་ཆེན་ཞིག་ཀྱང་རེད།
པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན།
              སྔོན་ཆད་ངས་ནི་ནམ་རྒྱུན་དགོན་སྡེར་གཞུང་ཆེན་བཀའ་པོད་ལྔ་སློབ་གཉེར་བྱེད་ཀྱི་ཡོད་ཅིང་། ལོ་རྒྱུས་སྐོར་རྒྱུས་མངའ་དེ་ཙམ་མེད་ལ་དཔེ་ཆ་གཞན་པར་བལྟ་བའི་དུས་ཚོད་ཀྱང་ལྷག་གི་མི་འདུག དེ་ལྟར་ནའང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་རྣམ་ནི་ཐེངས་མང་གོ་མྱོང་ཡོད་པས། སྐྱེས་ཆེན་ཁོང་ལ་སེམས་གཏིང་ནས་གོང་བཀུར་དང་མོས་གུས་སྐྱེས་གི་འདུག  2015ལོའི་ཟླ9པར། ང་རང་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་གྲོས་འགོ་བཏོན་ནས་བཙུགས་པའི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་སློབ་གཉེར་ལ་ཡོང་པ་ཡིན། དེ་ནི་རིན་པོ་ཆེའི་ཐུགས་རྗེ་བྱིན་རླབས་དང་ཕུགས་རྒྱང་རིང་པའི་དགོངས་བཞེད་ཀྱིས་ང་རང་གིས་ནང་བསྟན་སློབ་གླིང་ལ་རྒྱུགས་འཕྲོད་དེ་སློབ་གཉེར་ཟབ་སྦྱོང་བྱེད་པར་སྐུལ་ལྕག་གནང་པ་རེད།
              སྔོན་ཆད་རིན་པོ་ཆེ་མཆོག་གིས་ས་གནས་ཤིག་ལ་དགོན་པ་མེད་ཚེ་གསར་དུ་བཏབ་ཆོག་མོད། གལ་ཏེ་རིག་གནས་མེད་པ་ཡིན་ན་དེ་ནི་བསྐྱར་དུ་འཛུགས་ཐབས་མེད་པས་མི་རིགས་ཤིག་གི་ཆེས་གལ་ཆེ་བ་ནི་རིག་གནས་རེད་ཅེས་གསུང་མྱོང་ཡོད་པ་རེད། རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་བོད་རིགས་ས་ཁུལ་གྱི་དབུལ་ཕོངས་ས་ཁུལ་དང་། ཆ་རྐྱེན་ཧ་ཅང་ཞན་པའི་གྲོང་གསེབ་ཏུ་ཞབས་སོར་འཁོད་དེ་གྲོང་གསེབ་ཀྱི་འཕེལ་རྒྱས་ནི་དགོན་པ་འདེབས་རྒྱུ་མིན་ལ།  བལྟོས་བཅས་ཀྱིས་རོགས་རམ་ཙམ་བྱེད་རྒྱུའང་མིན་པར། ཕྲུ་གུ་ཚོ་ངེས་པར་དུ་སློབ་གྲྭར་འགྲོ་དགོས་པ་དང་ངེས་པར་དུ་རིག་གནས་ཤེས་བྱ་སློབ་དགོས་ཞེས་ཡང་དང་བསྐྱར་དུ་བསྟན་མྱོང་ཞིང་།  བོད་ཁུལ་གྱི་ས་གནས་གང་དང་གང་དུ་ཆིབས་བསྒྱུར་གནང་རུང་། རིན་པོ་ཆེ་མཆོག་གིས་བུམ་པ་གང་བྱོའི་ཚུལ་དུ་དཔེའི་ལམ་ནས་འབངས་མི་སེར་ལ་ང་ཚོའི་མི་རིགས་ཀྱིས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་དགོས་པའི་གལ་ཆེའི་རང་བཞིན་སྐོར་བཀའ་སློབ་སྩོལ་གྱི་ཡོད་པ་རེད། ཁོང་གིས་གལ་ཏེ་མི་རིགས་ཤིག་ལ་མི་རིགས་དེའི་རིག་གནས་མེད་པ་དང་མི་རིགས་ཀྱི་ཁྱད་ཆོས་མེད་ཚེ།  མི་རིགས་དེ་ཉིད་ག་ལེར་ཉམས་ངེས་ཤིང་།  གལ་ཏེ་མི་རིགས་ཤིག་ལ་མི་འབོར་ཉུང་པ་དང་ས་ཁོངས་ཆེན་པོ་ཆེན་པོ་མེད་ཀྱང་། རང་ཉིད་ཀྱི་རིག་གནས་དང་ཁྱད་ཆོས་ལ་བདག་སྐྱོང་བྱས་པ་ཡིན་ན་མི་རིགས་དེ་ཉིད་ཡུན་རིང་གནས་ཐུབ་པ་རེད་ཅེས་ནན་གྱིས་བསྟན་ཡོད་པ་མ་ཟད།   རིན་པོ་ཆེས་ད་དུང་ངས་རྒྱ་སྐད་ཤེས་པ་ནི་ངའི་འཇོན་ཐང་ནུས་པ་ཡིན་ལ། གལ་ཏེ་ངས་རྒྱ་སྐད་བཤད་མ་ཤེས་ཀྱང་དེ་ནི་ངོ་ཚ་ཞིག་མིན་མོད། འོན་ཀྱང་གལ་ཏེ་ངས་བོད་སྐད་དང་བོད་ཡིག་མ་ཤེས་ཚེ་དེ་ནི་ངའི་ངོ་ཚ་རེད་ཅེས་གསུངས་པ་རེད། ཆུང་དུས་སུ་དགོན་པར་དགེ་རྒན་གྱི་ཞལ་ནས་འདི་དག་ཐོས་མྱོང་པས། ང་རང་ལ་སེམས་པའི་གཏིང་ནས་ཧང་སངས་བྱུང་པ་དང་བློ་སྐྱེད་ཀྱང་ཆེན་པོ་ཐོབ་ནས་བོད་ཡིག་ལ་སློབ་སྦྱོང་ཡག་པོ་བྱ་རྒྱུ་དང་། གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་ཡག་པོ་བྱེད་པ། མི་རིགས་རིག་གནས་དང་ཆོས་ལུགས་ཐད་སློབ་གཉེར་བྱས་ཏེ་རང་གི་ནུས་པས་ཆེས་ལེགས་པ་ཞིག་ཏུ་འབད་རྒྱུ་ཡིན་པའི་དམ་བཅའ་བ་ཡིན།

ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཉི་འོད་ཐོག་ཁང་།
              ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཐོག་མར་ཡོང་ནས་སློབ་གཉེར་བྱེད་པར་ཕྱིར་དྲན་བྱེད་དུས། སྐབས་དེར་ངས་རྒྱ་སྐད་ཚིག་གཅིག་ཀྱང་བཤད་ཤེས་ཀྱི་མེད་མོད། དེ་ལྟར་ནའང་སློབ་གླིང་འདིར་ཡོང་ནས་སློབ་གཉེར་བྱེད་འདོད་ཤིན་ཏུ་ཆེ་སྟེ། སློབ་གླིང་འདི་ནི་རིན་པོ་ཆེ་མཆོག་གིས་འབད་བརྩོན་དང་བཀོད་སྒྲིག་གནང་པའི་འབྲས་བུ་ཡིན་ལ། ཁོང་གི་ཐུགས་རྒྱ་ཡངས་ཤིང་དགོངས་བཞེད་སྔོན་ཐོན་ཡིན་པ། མཐོང་རྒྱ་གཏིང་ཟབ་པའི་དབང་གིས་ཁོང་གིས་སྔོན་ཆད་གསུང་པ་དག་ཀྱང་ཡོད་ཚད་མངོན་འགྱུར་བྱུང་ཡོད་ཕྱིར་ང་རང་ཁོང་ཉིད་ལ་ཡིད་ཆེས་བརྟན་པོ་ཡོད་ཅིང་།རང་ཉིད་ཀྱིས་འདི་གར་རིན་པོ་ཆེའི་དགོངས་པ་འདུས་པའི་ཤེས་བྱ་གང་མང་ཞིག་སློབ་གཉེར་ཐུབ་པར་ཡང་ཡིད་ཆེས་ཡོད། ནང་བསྟན་སློབ་གླིང་གིས་ལོ་རེར་བསྡུས་པའི་སློབ་མ་ཤིན་ཏུ་ཉུང་སྟེ། དགེ་ལུགས་པར་ལོ་ལྟར་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ནས་སློབ་མ13ལས་བསྡུ་གི་མི་འདུག ང་རང་བདེ་བླག་ངང་རྒྱུགས་འཕྲོད་དེ་ཐོག་དང་པོར་དགོན་པ་དང་ཁ་གྱེས་ནས་ཁོར་ཡུག་ཧྲིལ་བོར་རྒྱ་ཡིག་བཤད་པའི་ཐག་རིང་གི་གནས་འདིར་སླེབས་པ་ཡིན།དེང་ཐོག་ཤིན་ཏུ་གོམས་དཀའ་ལ། ལྷག་པར་དུ་སྐབས་རེར་གཟའ་མཇུག་ཏུ་ཕྱི་ལ་ཕྱིན་སྐབས་ཚོང་ཁང་དུ་དངོས་པོ་ཉོ་སྐབས་སྐད་བརྡ་མ་འཕྲོད་པའི་དཀའ་ཁེག་ཆེན་པོར་འཕྲད་ཀྱི་འདུག  སྐབས་དེར་ངས་ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ཡིད་ལ་དྲན་གི་འདུག་སྟེ། ཁོང་ཉིད་ཀྱི་རྒྱ་ཡིག་ཆུ་ཚད་ཧ་ཅང་མཐོན་པོ་ཡོད་ཅིང་རྒྱ་ཡིག་རྩོམ་ཡིག་ཡང་ཤིན་ཏུ་ལེགས་པོ་འབྲི་གནང་མཛད་ཡོད་པ་རེད། ངའི་གོ་ཐོས་ལྟར་ན་རིན་པོ་ཆེ་མཆོག་གིས《ཤིན་ཧྭ་ཚིག་མཛོད》གཅིག་ལ་བརྟེན་ནས་རྒྱ་ཡིག་བཙན་གྱིས་སྦྱངས་པ་རེད་འདུག དེ་བས་རང་ཉིད་ཀྱིས་ཀྱང《ཤིན་ཧྭ་ཚིག་མཛོད》ཀྱི་དཔེ་ཆ་ཞིག་ཉོས་ནས་ཉིན་མཚན་ཀུན་ཏུ་སློབ་སྦྱོང་ལ་ནན་ཏན་བྱས་པ་དང་འབྲེལ།  རིན་པོ་ཆེའི་ཐབས་ལ་བསླབ་པས་རྒྱ་ཡིག་ཁ་ཤས་ངོས་ཟིན་པ་དང་། དེ་ནས་སློབ་གླིང་གི་དཔེ་མཛོད་ཁང་དུ་ཚགས་པར་དང་དུས་དེབ་ཐོག་གི་རྩོམ་ཡིག་སྟབས་བདེ་རིགས་ལ་ཀློག་འདོན་བྱས་པ་ཡིན། རྒྱ་ཡིག་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད། ངས་ནི་སྐབས་དེར་རིན་པོ་ཆེས་རྒྱ་ཡིག་སྦྱོང་བའི་ཆོད་སེམས་དང་ཁོང་གིས་ཧུར་བརྩོན་ག་འདྲ་གནང་པ་ཚོར་ཐུབ་ལ། རིན་པོ་ཆེའི་བསོད་ནམས་དང་ནུས་པ་ནི་གཞན་ལས་ཁྱད་དུ་འཕགས་པ་ཡང་ར་སྤྲོད་བྱེད་ཐུབ།

ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་བཞི་པའི་དགེ་ལུགས་པའི“མཐོ་རམས་པའི”ཡོན་གནས་ཐོབ་མཁན་གྱིས་དགོན་སེར་ནུབ་མའི་དྭངས་གསལ་འཕྲུལ་གྱི་མཆོད་རྟེན་ལྷ་ཁང་མདུན་དུ་དྲན་རྟེན་མཉམ་པར་བསྐྱོན་པ།
              ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་སློབ་གཉེར་བྱེད་པའི་ལོ་ངོ་གསུམ་རིང་། སློབ་གླིང་གིས་སློབ་ཁྲིད་ལ་གདན་འདྲེན་གནང་པའི་དགེ་རྒན་དག་ནི་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དུ་སྐད་གྲགས་ཀྱིས་ཆོད་པའི་དཔེ་ཆའི་དགེ་རྒན་ཤིན་ཏུ་ལེགས་ཤོས་ཡིན་ལ། དེ་མ་ཟད་ད་དུང་པེ་ཅིང་གི་སློབ་ཆེན་གྲགས་ཅན་གྱི་དགེ་རྒན་ཚོ་གདན་འདྲེན་བྱས་ཏེ་ང་ཚོར་ཆབ་སྲིད་དངལོ་རྒྱུས། རྩིས་འཁོར་སོགས་སློབ་ཁྲིད་བྱེད་ཀྱི་ཡོད་ཅིང་། དེ་མིན་གཞན་སློབ་གླིང་གིས་ང་ཚོ་རྩ་འཛུགས་བྱས་ཏེ་གྲོང་ཁྱེར་གཞན་གྱི་དགོན་སྡེ་དང་རྟེན་རྫས་བཤམས་མཛོད་ཁང་སོགས་སུ་མཆོད་མཇལ་གཟིགས་སྐོར་དང་སློབ་སྦྱོང་སྤེལ་རེས་བཀོད་སྒྲིག་བྱེད་ཀྱི་ཡོད་ལ། ཞང་ཀང་འདུས་པའི་ས་གནས་ཁག་ཏུ་དགེ་བའི་བཤེས་གཉེན་དང་བསམ་ཕྱོགས་བརྗེ་རེས་གནང་གི་ཡོད་པ་རེད། ནང་བསྟན་སློབ་གླིང་རིང་གི་བཟའ་བཏུང་དང་ཉལ་ཁང་། ད་དུང་ཕ་ཡུལ་ལ་ཕར་འགྲོ་ཚུར་འོང་གི་འགྲིམ་འགྲུལ་གྲོན་དངུལ་སོགས་ཚང་མ་སློབ་གླིང་གིས་འགན་འཁུར་གྱི་ཡོད་པ་རེད། མཚམས་རེར་ལུས་ཕུང་མི་བདེ་བ་བྱུང་ཚེ། སློབ་གླིང་གིས་ལམ་སེང་སྨན་ཁང་དུ་ཕྱིན་ནས་ཞིབ་བཤེར་དང་སྨན་བཅོས་བྱེད་པར་བཀོད་སྒྲིག་གནང་གི་ཡོད་པ་རེད།འདི་དག་ཡོད་ཚད་ནི་རྒྱལ་ཁབ་ཀྱིས་བོད་བརྒྱུད་ནང་བསྟན་ལ་རྒྱབ་སྐྱོར་གནང་པ་ཡིན་ལ། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་གཙོ་འཛིན་ཡིན་པའི་ཆ་ནས་ཁོང་འཚོ་བཞུགས་སྐབས་བཏབ་པའི་བསོད་ནམས་ཀྱི་འབྲས་བུ་ལེགས་པོ་ཡང་རེད། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་མ་རེ་རེས་རིན་པོ་ཆེ་ཁོང་ལ་དྲིན་ཚོར་གྱི་སེམས་པ་ཟབ་མོ་བཅངས་ཡོད་ལ། ལྷན་རྒྱས་ཡོངས་ཀྱིས་སློབ་གླིང་དུ་རིན་པོ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་དགོངས་པ་རྣམ་དག་དང་འབྱུང་འགྱུར་ལ་བསམ་གཞིགས་ཀྱི་བློ་གྲོས་སྔར་བས་གཏིང་ཟབ་པར་ཚོར་གྱི་ཡོད་པ་རེད།
              པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་རང་གི་མི་རིགས་ལ་ལྷག་པར་དུ་དགའ་ཞེན་ཆེན་པོ་ཡོད་པའི་ཁར། མི་རིགས་ཁག་བར་གྱི་མཐུན་སྒྲིལ་ཐོག་མཐའ་བར་གསུམ་དུ་ནན་གསུང་གནང་གི་ཡོད་པ་རེད། རིན་པོ་ཆེ་མཆོག་གིས། ཁྱིམ་ཚང་ཞིག་ཡིན་ཚེ། མི་དང་མིའི་བར་མཐུན་སྒྲིལ་མེད་ཚེ་སེམས་པ་སྡུག་བསྔལ་གྱིས་མནར་ནས་ཁྱིམ་ལ་བདེ་སྐྱིད་ཡོང་མི་སྲིད། གྲོང་སྡེ་དང་གྲོང་སྡེའི་བར་མཐུན་སྒྲིལ་མེད་ཚེ་འགལ་བ་བྱུང་ནས་གྲོང་གསེབ་འཕེལ་རྒྱས་ཡོང་མི་སྲིད། མི་རིགས་དང་མི་རིགས་བར་མཐུན་སྒྲིལ་མེད་ཚེ་རྒྱལ་ཁབ་ཀྱང་འཕེལ་རྒྱས་དང་ཡར་ཐོན་ཡོང་མི་སྲིད་ཅེས་གསུངས་ལ། ཁོང་གིས་ད་དུང་། ཁྱིམ་ཚང་ཞིག་ཡིན་ཚེ། མི་ཚང་མར་འགན་འཁུར་ཡོད་དགོས་ཤིང་། དགོན་སྡེ་ཞིག་ཡིན་ཚེ་དགེ་འདུན་པ་རེ་རེར་འགན་འཁྲི་ཡོད་དགོས་པ། རྒྱལ་ཁབ་ཅིག་གི་དབང་དུ་བྱས་ན། ཁྱེད་རང་མི་རིགས་གང་ཡིན་རུང་མི་ཚང་མར་འགན་འཁུར་ཡོད་པ་རེད། དེར་བརྟེན། ངེས་པར་དུ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་དགོས་ཞེས་གསུང་ཡོད། རིན་པོ་ཆེས་དཔེ་ཞིག་དྲངས་པར། ཁོང་གིས་བོད་ཀྱི་མི་སེར་གྱི་ཁྱིམ་དུ་གསོས་པའི་ཁྱི་ནི་གདུག་རྩུབ་ཇི་ལྟར་ཆེ་ཡང་། རང་གི་ཁྱིམ་བདག་ལ་གནོད་པ་བྱེད་མི་སྲིད། དེ་བས་ན། རྒྱལ་ཁབ་ཀྱི་ནང་དུའང་། གལ་ཏེ་ཁྱོད་ནི་མི་ཤེས་རབ་འཛོམས་ཤིང་འཇོན་ཐང་ལྡན་པ། ནུས་པ་ཅན་ཞིག་ཡིན་ཚེ། དེ་བས་ཀྱང་རྒྱལ་ཁབ་ཕན་ཐོགས་ཡོད་པའི་ལས་ཀ་སྒྲུབ་དགོས་ཤིང་། གལ་ཏེ་ཁྱོད་ནི་ནུས་བ་མེད་ཅིང་བློ་གྲོས་མི་ལྡན་པ་ཞིག་ཡིན་ཚེ། མ་མཐར་ཡང་མི་བདེན་པ་བདེན་ཐུབ་ཅིག་བྱེད་པ་ལས་བྱ་བ་ངན་པ་བསྒྲུབ་མི་རུང་ཞེས་གསུང་ལ། རིན་པོ་ཆེའི་ཞལ་གསུང་འདི་དག་ངའི་ཕ་ཡུལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དུ་དར་ཁྱབ་ཆེན་པོ་བྱུང་ཡོད། རིན་པོ་ཆེ་ཡིས་རྒྱུན་དུ་ཀུན་གྱིས་གོ་སླ་བའི་ཞལ་གསུང་གི་ལམ་ནས་མང་ཚོགས་ལ་སློབ་གསོ་མི་དམན་པ་ཐོབ་ཀྱི་ཡོད་ཅིང་། མང་ཚོགས་ཀྱིས་ཀྱང་གོ་བ་ཡང་དག་བླངས་ནས་མི་རབས་ནས་མི་རབས་བར་རིམ་པ་བཞིན་དུ་རྒྱུད་འཛིན་གནང་གི་ཡོད་པ་རེད།
              པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་སྐུ་འཚོ་བཞུགས་སྐབས་མཚོ་སྔོན་གྱི་དགོན་པ་ཁག་ཏུ་ཆིབས་བསྒྱུར་གནང་ནས་བཀའ་ཆོས་གསུང་སྐབས། ད་ལྟ་ནི་ཚན་རིག་དང་རིག་གནས་མགྱོགས་མྱུར་འཕེལ་རྒྱས་ཀྱི་དུས་རབས་གསར་པ་ཡིན་ཕྱིན། ནང་བའི་རྗེས་འཇུག་པ་རྣམས་ཀྱིས་ནང་བསྟན་རིག་གནས་ཕུན་སུམ་ཚོགས་པ་ཁོང་དུ་ཆུད་དགོས་པར་མ་ཟད། ངེས་པར་དུ་དོན་དངོས་སྒྲུབ་པ་ཉམས་ལེན་དང་སློབ་གཉེར་འབད་བརྩོན་ལ་བརྟེན་ནས་ཚན་རིག་ཤེས་བྱ་གཞན་དག་ཀྱང་སློབ་སྦྱོང་བྱ་དགོས། “ང་ཚོའི་དམིགས་ཡུལ་ནི་དགོན་སྡེ་རེ་རེ་དབེན་འཇགས་སྒམ་ནན་གྱི་གནས་ཤིག་ཏུ་གྱུར་ནས་ཀུན་གྱིས་མཐོང་མ་ཐག་འཁོར་བར་ངེས་འབྱུང་སྐྱེས་ཐུབ་པ་ཞིག་ཡོང་རྒྱུ་དེ་ཡིན”སྤྱི་ཚོགས་གོང་འཕེལ་དུ་འགྲོ་བ་དང་བསྟུན་མིའི་རིགས་ཀྱི་དཔལ་ཡོན་ཡང་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་ཡོད་ལ། དེས་ནི་བོད་བརྒྱུད་ནང་བསྟན་ལའང་དུས་རབས་འཕེལ་རྒྱས་དང་མཐུན་པའི་བླང་བྱ་གསར་པ་བཏོན་ཡོད་པ་རེད། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་སུམ་ཅུ་འཁོར་ཟིན་ནའང་རིན་པོ་ཆེའི་བཀའ་སློབ་འདི་དག་ནི་ནམ་ཡང་རྟག་བརྟན་དུ་གནས་ཡོད་པ་རེད།འདི་ནི་སྐྱེས་ཆེན་དམ་པ་ཞིག་གིས་རྒྱ་ཆེའི་ནང་བའི་རྗེས་འཇུག་པ་རྣམས་ལ་གནང་པའི་ཞལ་གསུངས་གསེར་གྱི་ཐིགས་པ་ཡིན་ལ།  བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཙོ་འཛིན་ཞིག་གི་ བློ་སེམས་བརྟན་པོ་ཡང་ཡིན་པ་དང་།ང་ཚོར་ཉམས་ལེན་སྒྲུབ་སྦྱོང་གི་ལམ་བུའི་ཐོག་ཁྲིད་སྟོན་བྱེད་པའི་ཤེས་རབ་ཀྱི་སྒྲོན་མེ་ལྟ་བུ་རེད། དེ་བས་འདིར་དམ་པ་ཁོང་ལ་སྒོ་གསུམ་གུས་པའི་སྒོ་ནས་བསྟོད་ཚིག་འབུལ་བར་བྱ་སྟེ། 
                                         བསིལ་མོ་ལྗོངས་ཀྱི་ཡངས་པའི་ཕང་བ་རུ། །གངས་ཅན་བསོད་ནམས་ཞིང་དུ་སྨིན་པ་ཡི།།
                                         སྒོ་གསུམ་གུས་པའི་ཡུལ་གྱི་དམ་པ་སྟེ།། པཎ་ཆེན་སྣང་བ་མཐའ་ཡས་རྗེས་སུ་དྲན།།
                                         བློ་གྲོས་ཤེས་རབ་ཐབས་ཀྱིས་ཡོངས་ཕྱུག་ཅིང་།།དད་ལྡན་འགྲོ་བའི་མགོན་དུ་བྱོན་པ་ཡི།།
                                         དམ་ཆོས་ཟབ་མོ་ཁོང་དུ་ཆུད་པ་དང་།།སྨན་མཆོག་འབྲས་བུ་ཡོངས་སུ་ལེགས་སྨིན་པ།།
                                         མི་རིགས་སེམས་ལ་འཆང་ཞིང་རྒྱལ་ཁབ་གཅེས།། རང་གི་ནུས་པས་ནང་བསྟན་དར་རྒྱས་གཏོང་།། 
                                         མ་གྱུར་འགྲོ་བ་ཐུགས་ལ་དམ་པོར་འཛིན།། བར་བགེགས་སེལ་ནུས་སེང་གེ་སྒྲ་སྒྲོག་པ།།
                                         འཆམ་མཐུན་མཐུན་སྒྲིལ་འབྲས་བུ་སྨིན་པ་དང་།། ཞལ་གསུང་བཀའ་སློབ་ཡུལ་ཕྱོགས་ཀུན་ལ་ཁྱབ།།
                                         ཆོས་གཞུང་གང་ལ་ནང་བྱན་ཆུད་པ་དང་།། དྲི་མེད་ཞལ་གསུང་བྱིན་རླབས་སྩོལ་མཛད་པ།།
                                         མདོ་སྔགས་བསྟན་པའི་མཛད་འཕྲིན་སྐྱོང་མཁས་པའི།། འགྲོ་བའི་མགོན་པོ་ཁོང་ལ་གུས་ཕྱག་འཚལ།།