ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་མཐུན་པོར་ཡོང་ཚུལ་སྐོར་གྱི་ཉམས་ཞིབ།

སྤེལ་དུས 2019-01-31 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འཇམ་དཔལ་རྒྱ་མཚོ།
          པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་མཆོག་ནི་བོད་རིགས་མི་དམངས་ཡོངས་ནས་གུས་བཀུར་ཚད་མེད་གནང་སའི་ཆོས་ལུགས་ཀྱི་དབུ་ཁྲིད་པ་ཞིག་ཡིན། ཁོང་གི་སྐུ་ཚེ་ཧྲིལ་པོ་ནི་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་ཤུགས་སྣོན་བགྱིས་ཏེ་རྒྱལ་ཁབ་ཁ་བྲལ་དུ་གཏོང་བར་ངོ་རྒོལ་མཛད་པའི་མི་ཚེ་ཞིག་དང་། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་དཀའ་སྤྱད་འབད་བརྩོན་དང།  ཀྲུང་གོ་གུང་ཁྲན་ཏང་ལ་བློ་དཀར་ངང་མཉམ་འབྲེལ་བྱས་ཏེ། གཅིག་སེམས་གཅིག་གཏད་ངང་དཀའ་ཚེགས་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར་མཛད་པའི་མི་ཚེ་ཞིག བསྟན་པ་དར་སྤེལ་དང་ཆོས་དད་མང་ཚོགས་རྒྱལ་གཅེས་ཆོས་ཀྱི་ལམ་དུ་ཁྲིད་དེ། སྒྲིག་སྲུང་ཁྲིམས་བརྩི། ཚུལ་ཁྲིམས་རྣམ་དག་ངང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་མི་ཚེ་ཞིག མི་རིགས་མང་པོའི་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་མོ་དར་རྒྱས་གོང་འཕེལ་དང་། འགྲོ་བ་སེམས་ཅན་ཐམས་ཅད་ཡུན་རིང་བདེ་ལ་འཁོད་པ་བཅས་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུ་ཚེ་གང་བོར་ཐུགས་ནུས་གང་ཡོད་བཏོན་པའི་མི་ཚེ་ཞིག་ཡིན།
 
          པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ནི་ཆེས་ཁྱད་དུ་འཕགས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་སྐུ་ཚེ་གང་བོར་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་གཉིས་ཕན་ཚུན་འཆམ་མཐུན་ཡོང་བའི་བགྲོད་ལམ་ཡང་དག་ཅིག་འཚོལ་ཞིབ་གནང་བ་རེད། ང་དང་པཎ་ཆེན་རིན་པོ་ཆེ་གཉིས་ལོ་ངོ40ལྷག་གི་རིང་ལ་ཕན་ཚུན་འབྲེལ་འདྲིས་བྱས་པ་ཡིན། དེའི་གོ་རིམ་ཁྲོད་པཎ་ཆེན་རིན་པོ་ཆེ་ནི་སྟོན་པ་ཤཱཀྱ་མུ་ནེ་ལ་དད་པ་རྣམ་དག་ཅིག་ཡོད་པར་མ་ཟད། ནང་ཆོས་ལ(བོད་བརྒྱུད་ནང་བསྟན་ཁོ་ན་མ་ཡིན་པ)འདུ་ཤེས་ཟབ་མོ་ཡོད་པ་ངས་གསལ་བོར་རྟོགས། དེ་བས་རིན་པོ་ཆེ་ལགས་ཀྱིས་རང་ཉིད་དད་པའི་ཆོས་ལུགས་ལ་ལྷག་བསམ་རྣམ་པར་དག་པ་རྒྱུན་འཁྱོངས་བྱས་ཏེ། སྲོལ་རྒྱུན་ལྟར་བདག་ཉར་དང་དར་སྤེལ་བྱེད་ཆེད། རང་ཉིད་ཀྱི་སྐུ་ཚེ་གང་བོའི་སེམས་ཤུགས་དང་རྣམ་དཔྱོད་ཡོད་ཚད་དེའི་ཕྱོགས་སུ་ཕུལ། ཁོང་གིས་རི་བོ་དགེ་ལྡན་པའི་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་པའི་དགོངས་པ་རྒྱུན་འཛིན་བྱས་ཤིང་། མི་དམངས་ཀྱི་ཁེ་ཕན་ལ་ཕན་ཐོགས་ཡོད་པའི་སྒོ་ནས་བརྩོན་པ་ཆེན་པོས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་གཉིས་འཆམ་མཐུན་ཡོང་བའི་བགྲོད་ལམ་འཚོལ་གང་ཐུབ་མཛད་ཅིང་། ནང་བསྟན་གྱི“རྒྱལ་ཁབ་དཔལ་གྱིས་བརྒྱན་ཞིང་སེམས་ཅན་བདེ་ལ་འགོད་པའི”ཆོས་སྲོལ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཟུང་འབྲེལ་བྱས་ཏེ“སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བའི”སྙིང་སྟོབས་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་གཉིས་ཟུང་འབྲེལ་མཛད།
          བཅིངས་འགྲོལ་སྔོན་གྱི་བོད་ཀྱི་སྤྱི་ཚོགས་ནི་མངའ་བདག་གཞིས་ཀའི་ལམ་ལུགས་ཀྱི་བྲན་གཡོག་གི་སྤྱི་ཚོགས་ཤིག་ཡིན་པ་དང་ཞིང་བྲན་གྱི་ཐོན་སྐྱེད་རྒྱུ་ཆ་གཙོ་བོ་སྟེ་ས་ཞིང་ཡོད་ཚད་དང་ཕྱུགས་ར། ཕྱུགས་ཟོག་མང་ཆེ་བ་ནི་“མངའ་བདག་ཆེན་པོ་གསུམ”སྟེ་དཔོན་པོ(ས་གནས་སྲིད་གཞུང)དང་དགོན་པ།  སྐུ་དྲག་བཅས་ལ་དབང་བ་རེད། སྐབས་དེར་འབྲེལ་ཡོད་ཕྱོགས་ཀྱིས་ཡོངས་བསྒྲགས་བྱས་པའི་བསྡོམས་རྩིས་ལྟར་ན། ཞིང་བྲན་བདག་པོ་རིགས་འདི་གསུམ་གྱི་ཁྱིམ་མིས་བོད་ལྗོངས་མི་གྲངས་ཁྲི་100ནང་གི་རྒྱ་ཆའི་5%ཡས་མས་ལས་ཟིན་གྱི་མེད། ཞིང་བྲན་ཚང་མར་རང་ཉིད་ཀྱི་ས་ཞིང་མེད་ལ་ཕྱུགས་ཟོག་ཀྱང་མེད་པས། བྲན་བདག་དང་ཕྱུག་བདག་ལ་གཡོག་ལས་མི་བྱེད་ཀ་མེད་ཡིན། ཁོ་ཚོ་རང་ཉིད་དང་ཐ་ན་ཁོ་ཚོའི་བུ་ཕྲུག་ཚོའང་མི་རབས་ནས་མི་རབས་བར་རིམ་པ་མི་གཅིག་པའི་ཞིང་བྲན་བདག་པོ་དང་ཕྱུག་བདག་ལ་དབང་བ་ཡིན།
          ཞིང་བྲན་བདག་པོས་ཧམ་འཕྲོག་རང་བཞིན་སྒོས་དཔལ་འབྱོར་གྱི་བཤུ་གཞོག་ཚད་མེད་བྱས་སྟབས། ཞིང་བྲན་གྱི་ཡོང་འབབ་ཀྱིས་སྤྱིར་བཏང་གི་མ་མཐའི་འཚོ་བའང་རྒྱུན་འཁྱོངས་བྱེད་དཀའ་བས་ཞིང་བྲན་བདག་པོར་སྐྱེད་ཆེའི་བུ་ལོན་མི་འཇལ་ཀ་མེད་ཡིན། སྐྱེད་ཆེའི་བུ་ལོན་ལ་བུ་ལོན་རིམ་རྩིས་ཀྱི་བྱེད་ཐབས་ལག་བསྟར་བྱེད་ཀྱིན་ཡོད་པས། ཞིང་བྲན་མང་ཆེ་བས་བུ་ལོན་ཡོངས་སུ་འཇལ་ཐབས་རྩ་བ་ནས་བྲལ་བ་སྟེ། ཚ་བོའི་རིང་གི་བུ་ལོན་ཟེར་བ་མང་པོ་ཞིག་ཡོད་པ་དང་ཐ་ན་མི་རབས་ཁ་ཤས་དང་ལོ་ངོ་བརྒྱ་ཕྲག་རིང་ཆད་པའི་བུ་ལོན་ཀྱང་ཡོད།
          ཆབ་སྲིད་སྟེང་གི་མི་ལུས་གཞན་བརྟེན་དང་ཐོན་སྐྱེད་སྟེང་གི་ཧམ་འཕྲོག་དང་བུ་ལོན་མཐོ་བའི་བཤུ་གཞོག་བཅས་ནི་ཆེས་གདུག་རྩུབ་ཆེ་བའི་དུག་སྦྲུལ་གསུམ་དང་འདྲ་བར་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་མགོ་བོ་དམ་པོར་བཅིངས་ཡོད་པས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཧ་ཅང་ཡ་ང་བའི་ཉམས་ཐག་གི་འཚོ་བ་སྐྱེལ་གྱིན་ཡོད།
          དེ་སྔའི་དགོན་པའི་དབང་སྒྱུར་བྱེད་མཁན་ཕལ་ཆེར་ཞིང་བྲན་བདག་པོ་ཡིན། དགོན་པའི་སྐྱེད་ཆེའི་བུ་ལོན་དང་ཚོང་ལས་ཐད་ཀྱི་ཞིང་བྲན་དང་བྲན་གཡོག་གི་བཤུ་གཞོག་བྱེད་པའི་རྣམ་པ་ནི་སྡེ་པ་གཞུང་དང་སྐུ་དྲག་ལས་ཀྱང་གདུག་རྩུབ་ཆེ་བ་ཡོད། དགོན་པ་ལ་ལར་ད་དུང་ཁྲིམས་གཅོད་ཡོ་ཆས་དང་བཙོན་ཁང་བཙུགས་ཡོད་ལ། ཁོ་ཚོས་ཞིང་བྲན་དང་འོག་རིམ་གྱི་གྲྭ་པར་རང་དགར་ཆད་པ་བཅད་ཆོག་པ་ཡིན། དེའི་གདུག་རྩུབ་ཆེ་བའི་ཚད་གཞི་དེ་ཞིང་བྲན་བདག་པོས་ཞིང་བྲན་དང་བྲན་གཡོག་ལ་ཉེས་ཆད་གཅོད་པ་དང་ཁྱད་པར་ཡེ་ནས་མེད། 
          དགོན་པ་དང་སྐུ་དྲག་ཁག་གིས་བོད་ལྗོངས་ཡོངས་ཀྱི་ས་ཞིང་དང་ཕྱུགས་རའི་བརྒྱ་ཆའི་30ཡས་མས་ཟིན་ཡོད་ལ། དེ་ལས་གཞན་པའི་བརྒྱ་ཆའི་40ཡས་མས་དེ་ས་གནས་སྲིད་གཞུང་ཀྱི་མངའ་ཁོངས་སུ་གཏོགས། མངའ་བདག་ཆེན་པོ་གསུམ་གྱི་ཁྲོད་སྐུ་དྲག་ནི་སྲོག་ཤིང་སྟེ། སྲིད་གཞུང་དང་དགོན་པ་གཅིག་ཏུ་སྦྲེལ་བའི་འགག་རྩ་ལྟ་བུར་གྱུར་ཡོད།
          མདོར་ན། བཅིངས་འགྲོལ་སྔོན་དུ་བོད་ལྗོངས་སུ་ལག་བསྟར་བྱེད་པའི་ལམ་ལུགས་ནི་བཀས་བཀོད་རྒྱུད་འཛིན་གྱི་གཞིས་ཀའི་ལམ་ལུགས་ཀྱི་དཔལ་འབྱོར་རྨང་གཞི་སྟེང་། སྐུ་དྲག་ཞིང་བྲན་བདག་པོ་དང་མཐོ་རིམ་གྲྭ་བཙུན་མཉམ་འབྲེལ་སྒོས་རྒྱ་ཆེའི་ངལ་རྩོལ་མི་དམངས་ལ་སྲིད་དབང་སྒེར་འཛིན་བྱེད་པའི་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ཡིན། དེ་ཡང་རྨོངས་དད་དང་གདོད་མའི་ལྷས་ཐག་གཅོད་པའི་ལམ་ལུགས་གཉིས་ཟུང་དུ་འབྲེལ་བའི་དུས་རབས་བར་མའི་ཡོ་རོབ་གླིང་གི་ཞིང་བྲན་ལམ་ལུགས་བཞིན་ཧ་ཅང་མུན་ནག་དང་རྗེས་ལུས་ཀྱི་རྣམ་པ་ཆགས་ཡོད།
          འདི་འདྲའི་མུན་ནག་དང་རུལ་སུངས། རྗེས་ལུས་ཀྱི་སྤྱི་ཚོགས་ལམ་ལུགས་དེས་བོད་ཀྱི་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་འགོག་རྐྱེན་ཚབས་ཆེན་བཟོས་པས། དཔལ་འབྱོར་ཉམས་རྒུད་དང་རིག་གནས་རྗེས་ལུས། ཐ་ན་མི་འབོར་ཡང་ལོ་རེ་བཞིན་མར་འགྲིབ་པའི་རྣམ་པར་བཀོད། ཞིང་བྲན་བདག་པོ་ཉུང་ཤས་ཀྱིས་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱི་རྔུལ་ཁྲག་འཇིབ་སྟེ། བག་མེད་རྒྱས་སྤྲོས་དང་རུལ་སུངས་ངོ་ཚ་མེད་པའི་འཚོ་བ་སྐྱེལ་གྱིན་ཡོད།
          མུན་ནག་དང་རུལ་སུངས། རྗེས་ལུས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་བཅོས་སྒྱུར་བྱས་ཏེ། དམངས་གཙོ་དང་རང་དབང་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱས་པ་དེས་བོད་ལྗོངས་ཀྱི་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། བོད་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་པའི་དུས་བཟང་ཤར་བ་རེད། དེ་ནི་བོད་མི་དམངས་ཀྱི་རེ་འདུན་དང་རྩ་བའི་ཁེ་ཕན་དང་མཐུན་ལ། ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཀྱང་ཡིན་ནོ།།
          1949ལོའི་ཟླ་9པར་མཚོ་སྔོན་བཅིངས་འགྲོལ་བཏང་བ་ནས་1959ལོའི་ཟླ་3པའི་བར། རྒྱལ་ཁབ་བཙུགས་པའི་ཚུན་གྱི་དུས་མགོའི་ལོ་རབས་ལྔ་བཅུ་པའི་སྐབས་སུ། སྐུ་ན་ཆུང་བའི་པཎ་ཆེན་རིན་པོ་ཆེས་སེམས་ཤུགས་གཙོ་བོ་སློབ་སྦྱོང་དང་ནང་བསྟན་རིག་པར་ཞིབ་འཇུག་བྱེད་པའི་ཕྱོགས་སུ་བཀོལ་བ་དང་། སྐུ་ན་རིམ་གྱིས་ཇེ་མཐོར་སོང་བ་དང་བསྟུན་ནས་རིག་པའི་གནས་ལ་གཞན་དྲིང་མི་འཇོག་པའི་རིག་པ་ཆེན་པོ་རྒྱས་ཤིང་། དབུ་ཁྲིད་ཀྱི་ནུས་པའང་ཇེ་ཆེར་སོང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། བོད་ལྗོངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་ཁོང་གིས་རང་ཉིད་ཀྱི་དམིགས་བསལ་གྱི་ཐོབ་ཐང་སྤྱད་དེ་མི་དམངས་བཅིངས་འགྲོལ་དམག་བོད་དུ་འོང་བར་རམ་འདེགས་དང་། རྒྱལ་སྲུང་ལ་སྲུང་སྐྱོབ་བྱས་ཏེ་རྒྱ་ཆེའི་སེར་སྐྱ་མི་དམངས་ལ་《ཐུན་མོང་གི་རྩ་འཛིན》དང་《བོད་ཞི་བའི་བཅིངས་འགྲོལ་གཏོང་ཐབས་སྐོར་གྱི་གྲོས་མཐུན》 གུང་ཁྲན་ཏང་དང་མི་དམངས་སྲིད་གཞུང་གི་ཆོས་ལུགས་སྲིད་ཇུས་དང་། མི་རིགས་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་ཆོས་ལུགས་ལས་རིགས་མི་སྣའི་བསམ་བློའི་གཉོམ་སོ་དང་། མི་འདོད་པའི་བསམ་ཚུལ་དང་ཞེད་སྣང་། བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་དང་ཁ་བྲལ་རིང་ལུགས་པ་སོགས་མཐོ་རིམ་མི་སྣའི་ཁྲོད་ཀྱི་ཤུགས་རྐྱེན་ངན་པ་གཙང་སེལ།  ཆོས་ལུགས་ལས་རིགས་བར་མཐུན་སྒྲིལ་བཅས་བྱས་ནས། བཙན་རྒོལ་རྒྱལ་གཅེས་རིང་ལུགས་ཀྱི་འཐབ་ཕྱོགས་གཅིག་གྱུར་རྒྱ་ཆེར་སྤེལ་ཏེ། དམངས་གཙོའི་བཅོས་སྒྱུར་གསར་པ་འཛུགས་སྐྲུན་དང་བོད་ལྗོངས་གསར་པ་བདེ་བླག་ངང་འཛུགས་སྐྲུན་བྱེད་ཆེད་གཞན་གྱིས་མི་ནུས་པའི་མཛད་རྒྱས་རླབས་ཆེན་བཞག་ཡོད། 
          1959ལོའི་ཟླ་3པ་ནས་1962ལོའི་བར། བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་པ་དང་ཆབས་ཅིག་དགོན་སྡེར“ངོ་རྒོལ་གསུམ”(ཟིང་ཆ་ལ་རྒོལ་བ།  ཁྱད་དབང་ལ་རྒོལ་བ། བཤུ་གཞོག་ལ་རྒོལ་བ།)བཅས་གཙོ་གནད་དུ་བྱས་པའི་ཆོས་ལུགས་སྒྱུར་བཅོས་བྱས། སྒྱུར་བཅོས་ཁྲོད་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནས་ནུས་པ་གལ་ཆེན་བཏོན་ཡོད་དེ། ཁོང་གིས་ཀྲུང་དབྱང་དང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་ལ་ཐོག་མར་གཞིས་ཀ་རྩེ་ས་ཁུལ་བཀྲ་ཤིས་ལྷུན་པོ་དགོན་དུ་ཆོས་ལུགས་བསྒྱུར་བཅོས་ཚོད་ལྟ་བྱས་ཏེ་ཉམས་མྱོང་ཐོབ་ཚེ་ལྗོངས་ཡོངས་སུ་ཁྱབ་གདལ་དུ་གཏོང་བདེ་ཚུལ་སྐོར་གྱི་སྙན་ཞུ་ཕུལ། 
          ངོ་རྒོལ་གསུམ་གྱི་ལས་འགུལ་ལ་རྒྱལ་ཁ་ཆེན་པོ་ཐོབ་ཅིང་། གཞི་རྩའི་ཐོག་དགོན་པའི་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་དང་། བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་ལམ་ལུགས་མེད་པར་བཟོས་རྗེས། པཎ་ཆེན་སྐུ་ཕྲེང་བཅུ་པས་དབུ་ཁྲིད་མཛད་པའི་བཅོས་སྒྱུར་ལམ་ལུགས་དེ་ནི། དམངས་གཙོའི་དོ་དམ་བྱེད་པའི་ཚོད་ལྟ་བྱེད་ཡུལ་དུ་བསྒྱུར། 1960ལོར་བཀྲ་ཤིས་ལྷུན་པོ་དགོན་དུ་དམངས་གཙོའི་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ཏེ་པཎ་ཆེན་སྐུ་ཕྲེང་བཅུ་པས་སྐབས་དང་པོའི་ཀྲུའུ་རེན་ཨུ་ཡོན་གྱི་འགན་བཞེས། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་རབ་བྱུང་བཙུན་པ་དབུལ་པོ་ཞིག་གིས་དབུ་ཁྲིད་ཀྱི་འགན་འཁུར་ཞིང་། རྒྱ་ཆེའི་གྲྭ་པ་རྣམས་ཀྱིས་དམངས་གཙོའི་འདེམས་བསྐོ་བརྒྱུད་དོ་དམ་ལས་ཁུངས་བཙུགས་པ་ཐེངས་དང་པོ་ཡིན། དེ་ནི་བོད་བརྒྱུད་ནང་བསྟན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་དོན་སྙིང་ངེས་ཅན་ལྡན་ནོ།། 
          པཎ་ཆེན་སྐུ་ཕྲེང་བཅུ་པས་བཏོན་པའི་དགོན་པའི་བསྒྱུར་བཅོས་ཀྱི་གཞི་རྩའི་རྩ་དོན་ནི། དགོན་པའི་ནང་དུ་རྩ་ཁྲིམས་བརྩི་བསྲུང་བྱེད་པ་དང་། དམངས་གཙོའི་དོ་དམ། རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་རྒྱལ་གཅེས་ཁྲིམས་སྲུང་བྱེད་དགོས་ལ། རང་ནུས་ཅི་ལྕོགས་ཀྱིས་ཐོན་སྐྱེད་ངལ་རྩོལ་ལ་ཞུགས་དགོས་པ་མ་ཟད། དགོན་པའི་ཁྱད་ཆོས་ལ་བརྩི་འཇོག་དང་ལྟ་སྐྱོང་གང་ལེགས་བྱས་ཏེ། གྲྭ་བཙུན་གྱིས་ཚུལ་མཐུན་སྒོས་ཆོས་ལུགས་བྱེད་སྒོ་སྤེལ་ཐུབ་པ་དང་ནང་བསྟན་གྱི་གཞུང་ལུགས་སློབ་སྦྱོང་དང་ཞིབ་འཇུག་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས།
          ལོ་རབས་60པའི་སྟོད་དུ། པཎ་ཆེན་སྐུ་ཕྲེང་བཅུ་པས་དབུ་ཁྲིད་པའི་བཀྲ་ཤིས་ལྷུན་པོ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་གྲྭ་བཙུན་ལ་མཐུན་སྒྲིལ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་བརྟན་བརླིང་། དམངས་གཙོའི་བཅོས་སྒྱུར་ལ་སྐུལ་འདེད། དགོན་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་རྒྱ་ཆེའི་གྲྭ་བཙུན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན། བོད་ལྗོངས་ལྟ་བུའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་ཁོར་ཡུག་ཁྲོད། དགོན་པ་བརྟན་འཇགས་ཡིན་ན་སྤྱི་ཚོགས་ལ་གཞི་ནས་བརྟན་འཇགས་ཡོང་སྲིད་པ་རེད། 
          1961ལོའི་ཟླ་1ཚེས་23ཉིན་མའོ་ཀྲུའུ་ཞིས་པཎ་ཆེན་སྐུ་ཕྲེང་བཅུ་པར་མཇལ་འཕྲད་གནང་བ་དང་འབྲེལ་ཁོང་དང་བྱམས་བརྩེའི་གླེང་མོལ་གནང་ཞིང་། བོད་ལྗོངས་ཀྱི་ལས་དོན་ལ་གྲོས་བསྡུར་བྱེད་སྐབས་མའོ་ཀྲུའུ་ཞིས་པཎ་ཆེན་སྐུ་ཕྲེང་བཅུ་པའི་བཞེད་དགོངས་དེ་དག་ལ་ཁས་ལེན་གང་ལེགས་གནང་ནས་གསུང་དོན།“ཆོས་ལུགས་ཀྱི་གནད་དོན་ཐད་ཁྱེད་རང་ནང་བྱན་ཆུད་པས་ཁྱེད་ཀྱི་འདོད་ཚུལ་ལྟར་མཛད་ན་ལེགས།” པཎ་ཆེན་སྐུ་ཕྲེང་བཅུ་པས་བཏོན་པའི་གྲྭ་པ་སུམ་སྟོང་ཙམ་གྱིས་ནང་པའི་གསུང་རབ་སློབ་སྦྱོང་དང་ཆེད་དུ་ཞིབ་འཇུག་བྱེད་དགོས་པ་དང་། ཁོང་ཚོའི་འཚོ་བའི་འགྲོ་གྲོན་ཡོངས་སུ་སྲིད་གཞུང་ནས་འགན་ལེན་བྱེད་དགོས་པའི་བསམ་འཆར་བཏོན་པ་དེར། མའོ་ཀྲུའུ་ཞིས་མི་སྟོང་ཕྲག་ཁ་ཤས་ཀྱིས་ནང་བསྟན་སྦྱངས་ནས་ནང་རིག་ཤེས་ཡོན་པར་འགྱུར་བར་ཡིད་འཐད་དང་བསྔགས་བརྗོད་གནང་བ་རེད།
          པཎ་ཆེན་སྐུ་ཕྲེང་བཅུ་པ་ཕྱིར་བོད་ལྗོངས་སུ་ལོག་རྗེས་ཁོང་གིས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་གྲ་སྒྲིག་ལས་དོན་གཙོ་སྐྱོང་གནང་བའི་དུས་ཡུན་རིང་། རྩ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་དང་། ཁོས་བཏོན་པའི་དགོན་སྡེའི་དམངས་གཙོའི་བཅོས་སྒྱུར་གྱི་རྩ་དོན་ཁག་ལག་བསྟར་བྱས་ཏེ་དགོན་སྡེའི་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་དང་། བཀས་བཀོད་རྒྱུད་འཛིན་གྱི་གཉའ་གནོན་ལམ་ལུགས། དེ་བཞིན་དགོན་སྡེ་ནང་ཁུལ་གྱི་བཀས་བཀོད་རྒྱུད་འཛིན་གྱི་དོ་དམ་ལམ་ལུགས་བཅས་མེད་པར་བཟོས་ནས་དམངས་གཙོའི་དོ་དམ་ལམ་ལུགས་ལག་བསྟར་བྱས་པས་རྗེས་ཕྱོགས་ཀྱི་ཕུལ་བྱུང་མཛད་རྗེས་ངོ་མཚར་བ་འདི་རིགས་བཞག་པ་རེད།
          དམངས་གཙོའི་བཅོས་སྒྱུར་བྱས་ནས་དུས་ཡུན་རིང་པོ་མ་སོང་བའི་སྐབས་དེར། པཎ་ཆེན་སྐུ་ཕྲེང་བཅུ་པས་དབུལ་ཞིང་ཕོངས་པའི་བླ་མའི་ཁེ་ཕན་སྲུང་སྐྱོང་བྱ་དགོས་པ་དང་། ལྷག་པར་དུ་ངལ་རྩོལ་ནུས་ཤུགས་ཉམས་པའི་བགྲེས་པོ་དང་། ཉམ་ཐག་ནད་པ། དབང་བོ་སྐྱོན་ཅན་བཅས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱས་ནས་ཁོང་ཚོའི་འཚོ་བར་ཆོས་ལུགས་བསྒྱུར་བཅོས་ཀྱི་ཤུགས་རྐྱེན་མི་ཐེབས་པ་དང་། དེ་ལས་ལྡོག་སྟེ་སྤྱི་ཚོགས་ཀྱི་ལམ་ལུགས་རྙིང་པ་བསྒྱུར་བཅོས་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བ་དང་བསྟུན་ཏེ། རྒྱ་ཆེའི་ཞིང་བྲན་རྣམས་ལ་ཡར་ལངས་ཐོབ་པ་ཇི་བཞིན་གྲྭ་བཙུན་རྣམས་ཀྱི་འཚོ་བའང་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་དགོས། དེ་ལྟར་བྱས་ན་ད་གཟོད་རྒྱ་ཆེ་བའི་ཆོས་དད་མང་ཚོགས་ཁྲོད་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་ཐུབ་པ་དང་། སྤྱི་ཚོགས་གསར་པ་དེ་རྙིང་བ་ལས་བཟང་བ་དང་བསྒྱུར་བཅོས་བྱས་རྗེས་སྔོན་ལས་ལེགས་པ་ར་སྤྲོད་བྱེད་ཐུབ་པ་རེད་ཅེས་གསུངས།
          སྐབས་དེར་ཆོས་ལུགས་བཅོས་བསྒྱུར་ཁྲོད་བྱུང་བའི་གནད་དོན་དང་གནས་ཚུལ་ལ་དམིགས་ནས་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྲུའུ་ཙུང་ལི་བརྒྱུད་ནས་མའོ་ཀྲུའུ་ཞི་དང་ཏང་ཀྲུང་དབྱང་ལ་བོད་ལྗོངས་དང་བོད་ཁུལ་གཞན་པར་བྱུང་བའི་གནས་ཚུལ་ཡར་ཞུ་བྱས་པར་མ་ཟད། གྲོས་གཞིའང་བཏོན་པ་རེད། ཆོས་ལུགས་ཐད་ཀྱི་གནད་དོན་སྐོར་གླེང་སྐབས། ཨུ་ཡོན་ཀྲང་གཞོན་པ་པཎ་ཆེན་རིན་པོ་ཆེས་རྩ་དོན་ལྔ་བཏོན་པ་སྟེ།  གཅིག  དགོན་པའི་བཤུ་གཞོག་དང་གཉའ་གནོན་དོར་བ། གཉིས། དམངས་གཙོའི་དོ་དམ་ལག་བསྟར་བྱེད་པ། གསུམ། རྩ་ཁྲིམས་དགོན་པའི་ནང་བསྐྱོད་པ་དང་སྲིད་གཞུང་གི་བཀའ་ཁྲིམས་ལག་བསྟར་བྱེད་པ།  བཞི། བླ་མ་ངལ་རྩོལ་ལ་ཞུགས་པ། ལྔ། གྲུབ་མཐའ་སོ་སོའི་སློབ་གཉེར་བ་དང་དགེ་རྒན་རྒན་པ་རྣམས་ཀྱི་འཚོ་བའི་ཐད་སྲིད་གཞུང་གིས་འགན་ཁུར་ཏེ་ཐག་གཅོད་བྱེད་དགོས་པ་བཅས་ཡིན།
          1962ལོའི་ཟླ་7ཚེས་20ཉིན། ཀྲོའུ་ཙུང་ལིས་པཎ་ཆེན་ཨུ་ཡོན་ཀྲང་དང་། ཀྲང་ཅིན་ཝུའུ། ཀྲང་ཀའོ་ཧྭ། ང་ཕོད། འཕགས་པ་ལྷ་སོགས་པེ་ཅིང་དུ་སྡོད་པའི་བོད་ཀྱི་འགོ་ཁྲིད་པ་ལ་མཇལ་འཕྲད་གནང་བ་དང་། པཎ་ཆེན་རིན་པོ་ཆེའི་ཆོས་ལུགས་བསྒྱུར་བཅོས་ཐད་ཀྱི་གྲོས་གཞི་ལ་གསན་སྐབས། ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་རྩ་དོན་ལྔ་བོ་དེར་བསྔགས་བརྗོད་གནང་བ་རེད།
          ཀྲོའུ་ཙུང་ལིས་སྤྲོ་སྣང་དང་བཅས་“ཕྱི་འབྲེལ་ཐོག་ང་ཚོར་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཡོད་པ་དང་རྒྱལ་སྤྱིའི་སྟེང་ང་ཚོར‘ཧྥན་ཁྲཱ་ཞི་ལ’ཟེར། རིན་པོ་ཆེས་བཏོན་པའི་རྩ་དོན་ལྔ་བོ་དེར་ཡང་ང་ཚོས་ཆོས་ལུགས་བྱ་བའི་ཕྱོགས་སུ་བཏོན་པའི‘ཧྥན་ཁྲཱ་ཞི་ལ’་ཟེར་ཆོག་ལ། དེར་གསར་གཏོད་རང་བཞིན་ལྡན།”ཞེས་གསུངས། ཀྲོའུ་ཙུང་ལིས་ད་དུང་ནན་བཤད་སྒོས“འདི་ནི་རིན་པོ་ཆེའི་གསར་གཏོད་ཅིག་རེད། "ཅེས་གསུངས།
          པཎ་ཆེན་སྐུ་ཕྲེང་བཅུ་པའི་དགོངས་འཆར་དེ་དག་ལ་རྗེ་ཤེས་རབ་རྒྱ་མཚོས་ཀྱང་རྒྱབ་སྐྱོར་ཐོབ། རྗེ་ཤེས་རབ་རྒྱ་མཚོས་ད་དུང་ཁོས་འགོ་ཁྲིད་པའི་ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་ཀན་སུའུ། མཚོ་སྔོན། ཡུན་ནན་བཅས་ཀྱི་བོད་ཁུལ་དུ་རིན་པོ་ཆེའི་དགོངས་འཆར་དེ་དག་དྲིལ་བསྒྲགས་དང་ལག་བསྟར་ཧུར་ཐག་གནང་།
          ཡིད་འཇོག་བྱེད་དགོས་པ་ཞིག་ནི། པཎ་ཆེན་སྐུ་ཕྲེང་བཅུ་པས་གྲོས་གཞི་འདི་དག་འདོན་སྐབས་དགུང་ལོ་23ཡིན། བོད་ལྗོངས་སུ་དམངས་གཙོའི་བཅོས་བསྒྱུར་དང་ཆོས་ལུགས་བསྒྱུར་བཅོས་བྱས་ནས་ལོ་ངོ་གཉིས་ཙམ་ལས་སོང་མེད། མི་ཁ་ཤས་ཀྱིས་ལྟ་ཚུལ་དང་གྲོས་གཞི་དེ་དག་ནི་རིན་པོ་ཆེའི་གམ་དུ་བཞུགས་པའི་འཁོར་མིའམ་ཡང་ན་རྒྱབ་ཀྱི་མིས་བཏོན་པའམ་ཡང་ན་ཤེས་ཡོན་ཅན་ཆེ་གེ་མོས་མཛུབ་སྟོན་བྱས་པ་ཡིན་ཟེར།
          སྐབས་དེར་ངས་ཀྱང་རིན་པོ་ཆེའི་དྲུང་དུ་ལོ་ཙཱའི་བྱ་བ་ཁ་ཤས་སྒྲུབ་ཀྱིན་ཡོད་པས། ངས་ཁ་ཚོན་བཅད་ནས་བཤད་ཆོག་པ་ནི་རིན་པོ་ཆེ་ཁོང་རང་ཉིད་ཀྱི་མདུན་རྒྱབ་ནས་ལྟ་ཚུལ་འདི་འདྲ་འདོན་ཐུབ་མཁན་གཅིག་ཀྱང་མེད་ལ། ལྷག་པར་ཤེས་ཡོན་ཅན་གྱི་མི་ཞིག་གཏན་ནས་མེད། དེ་ནི་རིན་པོ་ཆེའི་བསམ་གཞིགས་ཀྱི་འབྲས་བུ་ལས་གཞན་མ་ཡིན། འདི་ལས་པཎ་ཆེན་སྐུ་ཕྲེང་བཅུ་པ་ནི་བློ་རིག་གསལ་ཞིང་ཤེས་རབ་ལྡན་པའི་མི་སྣ་ཕུལ་དུ་བྱུང་བ་ཞིག་ཡིན་པ་རྟོགས་ཐུབ། 
          1978ལོར་པཎ་ཆེན་སྐུ་ཕྲེང་བཅུ་པའི་གོ་གནས་བསྐྱར་གསོ་མཛད་པ་ནས་སྐུ་མྱ་ངན་ལས་འདས་པའི་བར་ནི་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་སུ་བསྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་ངོ་བཅུ་ཏག་ཏག་ལ་འཁེལ་ཡོད། སྐབས་དེར་གཡོན་ལྷུང་ནོར་འཁྲུལ་གྱི་རྐྱེན་གྱིས་གཏོར་བརླག་ཚབས་ཆེན་ཐེབས་པའི་ཆོས་ལུགས་སྐོར་གྱི་སྲིད་ཇུས་སླར་གསོ་དང་། དགོན་པ་སླར་གསོ། མང་ཚོགས་ཀྱི་ཚུལ་མཐུན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་བར་ཁག་ཐེག་ཡོང་ཆེད། པཎ་ཆེན་རིན་པོ་ཆེ་མཆོག་གིས་དཀའ་ངལ་བརྒྱ་སྟོང་ཁྱད་དུ་བསད་དེ་སེམས་ཤུགས་ཆེན་པོ་ཕུལ་ཡོད་དོ། ། 
          པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་དགོངས་པར་ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་ནང་། ཏང་དང་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་ཡང་དག་པར་ལག་བསྟར་བྱེད་པ་ནི་ཆོས་ལུགས་ལས་རིགས་རང་གི་བྱ་བ་ཙམ་མ་ཡིན་པར་དེ་ནི་ཆབ་སྲིད་ཀྱི་ལས་ཀ་གཟབ་ནན་ཞིག་དང་། སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ། བསྒྱུར་བཅོས་སྒོ་འབྱེད་ཀྱི་དགོས་མཁོ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། རྒྱལ་ཁབ་ཁ་བྲལ་གཏོང་བར་ངོ་རྒོལ། སྤྱི་ཚོགས་ཡོངས་ཀྱི་བརྟན་འཇགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བཅས་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད་སྙམ་བཞིན་ཡོད་པ་རེད།
          པཎ་ཆེན་སྐུ་ཕྲེང་བཅུ་པས་དེ་དང་མཉམ་དུ་ད་དུང་བསྟན་དོན། ཆོས་ལུགས་གོང་བུ་གཅིག་གྱུར་རྒྱུན་འཁྱོངས་དང་ནང་བསྟན་དར་སྤེལ་གཏོང་ཆེད། ཆབ་སྲིད་ཐད་ཀྱི་གཡོན་ཕྱོགས་ནོར་འཁྲུལ་ཡོ་བསྲང་བྱེད་དགོས་པ་མ་ཟད། རྗེ་ཙོང་ཁ་པའི་བསྒྱུར་བཅོས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་། ཆོས་ལུགས་རང་ངོས་ནས་ད་དུང་འཐུས་ཚང་དུ་བཏང་སྟེ་དུས་རབས་ཀྱི་འཕེལ་ཕྱོགས་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་དགོས་པའི་དགོངས་འཆར་བཏོན།
          དུས་སྐབས་འདིའི་རིང་ལ། ཨུ་ཡོན་ཀྲང་གཞོན་པ་པཎ་ཆེན་རིན་པོ་ཆེས་སེམས་ཤུགས་ཆེན་པོ་སྤྱད་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་ཚུལ་མཐུན་གྱི་ཆོས་ལུགས་བྱེད་སྒོ་ཇི་ལྟར་སྤེལ་རྒྱུའི་སྐོར་གྱི་ཞིབ་འཇུག་ལས་གཞི་གལ་ཆེན་དག་ལ་ཆེད་དུ་དཔྱད་བསྡུར་གནང་སྟེ། ཁོང་གིས་ལས་ཀ་འདིར་ཕྱོགས་གཅིག་ནས་རིག་པའི་གཞུང་ལུགས་ཀྱི་དོན་སྙིང་ལྡན་ལ་ཕྱོགས་གཅིག་ནས་དངོས་ཡོད་ཀྱི་དོན་སྙིང་ཡང་ལྡན་པར་དགོངས་པ་རེད།
          1982ལོར། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲའོ་ཕུའུ་ཁྲུའུ་ཡི་རྒྱབ་སྐྱོར་དང་མཛུབ་སྟོན་འོག རིན་པོ་ཆེས་སྐུ་དངོས་སུ་བཀྲ་ཤིས་ལྷུན་པོ་དགོན་པའི་བྱ་བར་དབུ་ཁྲིད་མཛད་པ་དང་འབྲེལ་དམངས་གཙོའི་དོ་དམ་ཨུ་ཡོན་ལྷན་ཁང་གསར་པ་བདམས་ཐོན་བྱུང་།
          1985ལོའི་ཟླ་བ་11པར།  རིན་པོ་ཆེས 《 བཀྲ་ཤིས་ལྷུན་པོ་དགོན་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་དགོན་པར་དོ་དམ་ཚོད་ལྟ་བྱེད་པའི་སྐོར་གྱི་གྲོས་གཞིའི་རྩ་གནད》 བཏོན་པ་དེའི་ནང་། ཁོང་གིས་1960ལོ་ནས་བཟུང་དགོན་པའི་དམངས་གཙོའི་དོ་དམ་གྱི་ཚོད་ལྟ་དེ་མུ་མཐུད་དུ་སྤེལ་ནས་ཀྲུང་དབྱང་དང་འབྲེལ་ཡོད་སྡེ་ཁག་ནས་ཆོག་མཆན་སྤྲད་པ་བརྒྱུད་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཤིང་། 1987ལོའི་ཟླ་8པར་རིན་པོ་ཆེ་གཞིས་ཀ་རྩེར་གཟིགས་ཞིབ་ཏུ་ཕེབས་ནས་ཟླ་གཅིག་ལྷག་གི་དུས་ཚོད་སྤྱད་དེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་གནང་སྟེ་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་མཛད།
          པཎ་ཆེན་སྐུ་ཕྲེང་བཅུ་པའི་དབུ་ཁྲིད་འོག་ཚོད་ལྟའི་བྱ་བར་གྲུབ་འབྲས་ཆེན་པོ་བླངས་པ་དང་། རིན་པོ་ཆེས་བསྟན་དོན། ནང་ཆོས་ཀྱི་སྙིང་བོ་ནི་སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད། རང་གི་སེམས་ནི་ཡོངས་འདུལ། ཀུན་ལ་བདེ་བ་བསྐྲུན་པ་དང་། དགེ་བའི་ཚོགས་ནི་མང་དུ་བསགས་པ་བཅས་ལ་འབད་དགོས་ཞེས་ཡང་ནས་ཡང་དུ་གསུངས། ནང་བསྟན་གྱི་“སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བ་”དང་“དགེ་བ་གསོག་པའི”དགོངས་དོན་གཞིར་བཟུང་སྟེ། ཆོས་ལུགས་ལས་རིགས་ཀྱིས་རྒྱལ་ཁབ་དང་མི་རིགས། མི་དམངས་བཅས་ལ་ཕན་པའི་ལས་དོན་མང་དུ་བསྒྲུབ་དགོས་པ་ལས་ཁེ་ཕན་ཡོད་པའི་དམངས་ཀྱི་ལས་དོན་ལ་ཁ་གཡར་ནས། གང་འདོད་འདོད་སྒྲུབ་མི་ཆོག་པ་དང་། བསྙེན་བཀུར་དང་ལེན་བྱེད་མི་ཆོག ཡང་རིན་པོ་ཆེས་གསུངས་རྒྱུར། འདིའི་ཕྱོགས་ནས་ནང་བསྟན་ཆོས་ལུགས་ནི་ཡེ་ཤུ་ཆོས་ལུགས་དང་། གནམ་བདག་ཆོས་ལུགས་སོགས་ཆོས་ལུགས་གཞན་གྱི་དོ་ཟླར་མི་ཡོང་གསུངས།
          ཁོང་གིས་ད་ལྟ་དགོན་པ་ཞིག་གསོ་བྱེད་པར་རྒྱས་སྤྲོས་ཆེན་པོ་བྱེད་མི་དགོས། ང་ཚོས་དགོན་པ་ཞིག་གསོ་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ཆེའི་ཆོས་དད་མང་ཚོགས་ཀྱི་ཆོས་ལུགས་བྱ་འགུལ་གྱི་དགོས་མཁོ་ཚིམ་པར་བྱས་ཏེ་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་རྒྱུད་འཛིན་དང་དར་སྤེལ་བྱེད་པའི་ཆེད་དུ་ཡིན་པས། དགོན་པའི་ཁ་གྲངས་མང་ཉུང་ལ་འབྲེལ་བ་མེད། སངས་རྒྱས་ཆོས་ལུགས་ཀྱི་བསྟན་པ་རྒྱུན་འཛིན་དང་དར་སྤེལ་བྱེད་ཐུབ་མིན་དེ་སངས་རྒྱས་ཆོས་ལུགས་ཀྱི་བསྟན་པ་ལྟར་སྡིག་སྤོང་དགེ་སྒྲུབ་བྱེད་ཐུབ་མིན་དེ་རེད་ཅེས་དགོངས་འཆར་ལན་མང་བཏོན།
          ཡང་པཎ་ཆེན་སྐུ་ཕྲེང་བཅུ་པས་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་བསྐྲུན་པའི་དགོན་པ་ནི་རྒྱལ་ཁབ་ཀྱི་སྤྱི་དམངས་ཁྲོད་ཀྱི་ཆོས་ལུགས་ཆེད་ལས་མི་སྣས་གྲུབ་པའི་མང་ཚོགས་རང་བཞིན་གྱི་ཐུན་མོང་གི་རྩ་འཛུགས་ཤིག་ཡིན་ལ། དགོན་པ་དང་དགོན་པའི་གྲྭ་བཙུན་གྱི་ཁྲིམས་མཐུན་གྱི་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་ཐེབས་ཡོད། དེ་དང་མཉམ་དུ་གྲྭ་བཙུན་མང་ཚོགས་ཀྱིས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས། འབྲེལ་ཡོད་སྲིད་ཇུས་བརྩི་སྲུང་བྱེད་དགོས་པ་ཡིན། དགོན་པའི་འགན་ནུས་གཙོ་བོ་ནི་སྔར་བཞིན་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་ཡིན་ཞིང་། ནང་བསྟན་གྱི་ཆོས་ལུགས་བྱ་འགུལ་སྤེལ་ས་ཡིན་པ་ངོ་འཕྲོད་དགོས་པ་དང་། ནང་བསྟན་ཆོས་ལུགས་ནི་ནང་བསྟན་རིག་གནས་ཁྱབ་སྤེལ་བྱེད་ས་གཙོ་བོ་ཡིན་ལ། དུས་མཚུངས་སུ་ལོ་རྒྱུས་དང་རིག་དངོས། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཉར་ཚགས་བྱེད་ས། ཡུལ་སྐོར་བྱེད་ས་དང་སྤྱི་ཚོགས་ཀྱི་གཞི་རིམ་རྩ་འཛུགས་བཅས་ཡིན་པའི་དགོངས་འཆར་བཏོན། 
          པཎ་ཆེན་སྐུ་ཕྲེང་བཅུ་པས་སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་གི་དགོན་པའི་བྱེད་ནུས་དེ་ཕྱོགས་བདུན་དུ་བསྡུས་ཏེ་བསྟན་ཡོད། ལྟ་བ་འདི་དག་ལ་ད་ལྟ་བལྟས་ན་ཡང་དགེ་མཚན་ལྡན་ཞིང་དོན་སྙིང་ལྡན་པ་ཞིག་ཡིན། ལྷག་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ནི། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པར་པཎ་ཆེན་སྐུ་ཕྲེང་བཅུ་པས་དགོན་པས་ཡུལ་སྐོར་སྤྲོ་གསེང་གི་བྱེད་སྒོ་སྤེལ་དགོས་པའི་དགོས་ངེས་རང་བཞིན་བཏོན་པ་འདིས་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་ཡོང་བ་དང་། མི་རིགས་སོ་སོའི་བར་གྱི་རིག་གནས་བརྗེ་རེས་ལ་སྐུལ་འདེད་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཚུལ་བསྟན།  འདི་ལས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་སྔོན་དཔོགས་ཀྱི་འདུ་ཤེས་དང་།  དུས་བསྟུན་མདུན་སྐྱོད་བྱེད་པའི་ཐུགས་དགོངས་གསལ་བཤད་བྱས་ཡོད། པཎ་ཆེན་བཅུ་པས་"ཆོས་ཀྱིས་ཆོས་སྐྱོང་བ""དགོན་པས་དགོན་པ་སྐྱོང་བ""གྲྭ་པས་གྲྭ་པ་སྐྱོང་བའི"རྩ་དོན་ལྟར། གྲྭ་བཙུན་ཀྱི་མི་འབོར་མང་ཉུང་ལ་མ་བལྟས་པར་སྤུས་ཀ་ལྷད་མེད་ཡིན་པ་དང་། ཆོས་ལུགས་ཀྱི་དགོངས་དོན་ལྟར་ནན་ཏན་བརྩི་སྲུང་བྱེད་ཐུབ་པ། སྒོམ་སྒྲུབ་དང་འཆད་རྩོད་རྩོམ་གསུམ་གཞིར་བཟུང་སྟེ་མདོ་སྔགས་གཉིས་ལ་ཐོས་བསམ་གནང་བ། སངས་རྒྱས་ཤཱཀྱ་ཐུབ་པ་དང་རྗེ་ཙོང་ཁ་པའི་ནང་བསྟན་གྱིི་དགོངས་པ་གཞིར་བཟུང་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོངས་དོན་རྒྱུད་འཛིན་བྱེད་དགོས་པར་བསྟན།
          ཡང་པཎ་ཆེན་སྐུ་ཕྲེང་བཅུ་པས་ད་དུང"དགོན་པས་དགོན་པ་སྐྱོང་བ"ལག་བསྟར་བྱས་ནས་རྒྱལ་ཁབ་དང་མང་ཚོགས་ཀྱིས་ཁུར་བོ་རིམ་བཞིན་ཇེ་ཡང་དུ་གཏོང་དགོས་པ་མ་ཟད། སྤྱི་ཚོགས་ལ་བྱས་རྗེས་འཇོག་དགོས་པ་དང་། གྲྭ་པ་དང་ཇོ་མོ་འོས་བསྟུན་གྱིས་ཐོན་སྐྱེད་ངལ་རྩོལ་ནང་ཞུགས་ཚེ། སྤྱི་ཚོགས་ལ་དངོས་པོའི་མཐུན་རྐྱེན་བསྐྲུན་ཐུབ་པ་མ་ཟད། ལུས་སེམས་བདེ་ཐང་ལའང་ཕན་ཐོགས་ཡོད་པའི་དགོངས་ཚུལ་བཏོན།

          པཎ་ཆེན་སྐུ་ཕྲེང་བཅུ་པའི་དབུ་ཁྲིད་དང་རྒྱབ་སྐྱོར་འོག ཀྲུང་དབྱང་གི་ཆོག་མཆན་བརྒྱུད་པེ་ཅིང་དུ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་པ་དང་རིན་པོ་ཆེ་སྐུ་དངོས་ཀྱིས་ཡོན་ཀྲང་གི་འགན་བཞེས། འདིའི་དམིགས་ཡུལ་ནི་མེས་རྒྱལ་ལ་དགའ་བ་དང་ཆོས་ལུགས་ཀྱི་ཡོན་ཚད་མཐོ་བའི་ནང་བསྟན་རིག་པའི་ཤེས་ཡོན་པ་སྐྱེད་བསྲིང་བྱེད་རྒྱུ་དེ་ཡིན། 1987ལོའི་ཟླ་9ཚེས་1ཉིན་པེ་ཅིང་གི་ལྷ་ཁང་སེར་པོར་གཟབ་རྒྱས་ངང་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཏེང་དབྱིན་ཁྲའོ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཞི་ཀྲུང་ཞུན་སོགས་འགོ་ཁྲིད་རྣམ་པས་རྟེན་འབྲེལ་ཞུས་ཏེ་རྒྱབ་སྐྱོར་གནང་།
          རིན་པོ་ཆེས་སློབ་འགོ་ཚུགས་པའི་མཛད་སྒོའི་སྟེང"གྲྭ་བའི་འཇོན་ནུས་གསོ་སྐྱོང་བྱེད་པ་དང་། ནང་བསྟན་གྱི་རྒྱུད་འཛིན་པ་གསོ་སྐྱོང་བྱེད་པ་ནི་ང་ཚོ་ནང་པའི་ཆོས་ལུགས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན། ཀྲུང་གོའི་མཐོ་རིམ་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་མ་འོངས་པར་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། མེས་རྒྱལ་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་བརྩི་སྲུང་། ཆོས་ལུགས་ཀྱི་འདུལ་ཁྲིམས་ནན་སྲུང་བྱེད་ཐུབ་ཅིང་། ནང་བསྟན་རིག་པའི་རྨང་གཞིའི་ཤེས་བྱ་དང་དེང་རབས་ཀྱི་ཚན་རིག་ཤེས་བྱ་ལྡན་པའི་ཆོས་ལུགས་མི་སྣ་གསོ་སྐྱོང་བྱ་ངེས་ཡིན། ཞེས་གསུང་བཤད་གལ་ཆེན་གནང་།
          རིན་པོ་ཆེས་སློབ་མ་ཚོར།“རྒྱུད་ལ་སྙིང་རྗེ་ཆེན་པོ་སྒོམ་ཞིང་། སེམས་སུ་ཕུགས་འདུན་ཆེན་པོ་གཉེར་ཏེ་རྒྱལ་ཁབ་སྟོབས་ལྡན་དང་། མི་དམངས་བདེ་སྐྱིད་ཀྱི་ཆེད་དུ་འབད་བརྩོན་བྱེད་དགོས།”ཞེས་རེ་བ་བཏོན། རིན་པོ་ཆེས“བོད་བརྒྱུད་ནང་བསྟན་ལ་ལོ་ངོ་1300ལྷག་གི་ལོ་རྒྱུས་ཡོད་པ་དང་། མཚན་ཉིད་རིག་པ་དང་། གནམ་རིག་སྐར་རྩིས། ས་ཁམས། གསོ་རིག རི་མོ། རོལ་དབྱངས་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་ལ། མེས་རྒྱལ་གྱི་རིག་གནས་བང་མཛོད་ནང་གི་འོད་སྟོང་འཕྲོ་བའི་ཆ་ཤས་ཤིག་ཡིན། བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་ཞིབ་འཇུག་གིས་རང་རྒྱལ་ལ་རྒྱལ་སྤྱིའི་ཐོག་བླ་ན་མེད་པའི་མཚན་སྙན་ཐོབ་ཡོད་པ་དང་། ང་ཚོས་རིག་གནས་འདི་དག་རྒྱུན་འཛིན་དང་གོང་འཕེལ་བཏང་ནས་སྔོན་གྱི་མེས་པོ་ཚོའི་ངོར་ལྟ་རིན་ཡོད་པ་དང་མི་རབས་རྗེས་མར་ངོ་གནོང་མི་དགོས་པ་ཞིག་རྒྱུན་འཛིན་བྱེད་དགོས། ཁྱེད་ཚོས་སློབ་སྦྱོང་གི་གོ་སྐབས་བཟང་པོ་འདིར་གཅེས་འཛིན་བྱས་ནས་སྙིང་རུས་ཆེན་པོས་ནང་བསྟན་གཞུང་ལུགས་ལ་སློབ་སྦྱོང་བྱས་ཏེ་རང་ཉིད་ལ་ཕུགས་བསམ་ཡོད་པ་དང་། ཀུན་སྤྱོད་བཟང་བ། རིག་གནས་ཡོད་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱས་ཏེ། སྤྱོད་ཡོན་གཉིས་ལྡན་སྒོས་ལྷག་པ་ཤེས་རབ་ཀྱི་བསླབ་པ་འདི་ཉིད་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱེད་ཐུབ་དགོས། མ་ཟད་ད་དུང་མདོ་སྔགས་གཉིས་ལྡན་གྱི་ནང་བསྟན་གྱི་གཞུང་ལུགས་ལ་འཆད་རྩོད་རྩོམ་གསུམ་དང་། རིག་པའི་གནས་ལྔ་ལ་སྦྱང་བརྩོན། དེང་རབས་ཚན་རིག་གི་ཤེས་བྱ་བཅས་ལ་བྱང་ཆུབ་དགོས། དེ་མིན་རང་བཀུར་དང་རང་གཅེས། རང་འབད་བཅས་ཀྱི་སྤྱོད་ཚུལ་བཟང་པོ་ཆགས་པ་བྱེད་དགོས། སྔོན་བྱོན་མཁས་པས། ཆོས་ཀྱི་སྒོ་ནི་མཐའ་ཡས་ཀྱང་།། ཐམས་ཅད་མཁྱེན་པར་དམ་བཅའོ།། ཅེས་གསུངས་བཞིན། ཁྱེད་ཚོས་ཀྱང་ཐོས་བསམ་རྒྱ་ཆེར་མཛད་ནས། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བ། འཛམ་གླིང་ཞི་བདེ་ཡོང་བའི་ཐུན་མོང་གི་དམིགས་འབེན་འདིར་སྲུང་སྐྱོབ་བྱེད་ཆེད་སྟོབས་ཤུགས་ཡོད་རྒུས་བྱས་རྗེས་འཇོག་དགོས།”ཞེས་རེ་བ་བཏོན།

          སྤྲུལ་སྐུའི་ཡང་སྲིད་འཚོལ་བའི་ལམ་ལུགས་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ལ། དེར་ལོ་ངོ་བརྒྱ་ཕྲག་དུ་མའི་ལོ་རྒྱུས་ལྡན། བོད་དུ་དམངས་གཙོའི་བཅོས་བསྒྱུར་དང་ཆོས་ལུགས་ལ་བཅོས་བསྒྱུར་བྱས་རྗེས་སྤྲུལ་སྐུའི་ཡང་སྲིད་འཚོལ་བའི་ལམ་ལུགས་ཇི་ལྟར་མངོན་འགྱུར་བྱ་རྒྱུ་ནི་ཆེས་དམིགས་བསལ་དང་ཆེས་གལ་ཆེན་གྱི་གནད་དོན་ཞིག་ཡིན་ལ། པཎ་ཆེན་སྐུ་ཕྲེང་བཅུ་པས་རྒྱུན་པར་གནད་དོན་འདིར་ཐུགས་ཁུར་དང་མཐོང་ཆེན་གནང་ཡོད། 1989ལོའི་ཟླ་1པོར། རིན་པོ་ཆེ་བཀྲ་ཤིས་ལྷུན་པོ་དགོན་པར་ཕེབས་ནས་མཆོད་ཁང་ཤར་པཎ་ཆེན་སྐུ་གདུང་བཀྲ་ཤིས་རྣམ་རྒྱལ་གྱི་རབ་གནས་མཛད་སྒོ་ལ་ཞུགས། མཛད་སྒོ་གྲོལ་མ་ཐག་རིན་པོ་ཆེ་ལགས་ཟླ་1ཚེས་24ཉིན་གྱི་ཆོས་ལུགས་ལས་རིགས་མི་སྣའི་བཞུགས་མོལ་ཚོགས་འདུར་ཞུགས་ནས་ཚོགས་མི་རྣམས་ཀྱི་དགོངས་འཆར་ལ་གསན་པ་དང་འབྲེལ། ཁོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་དགོན་པའི་དམངས་གཙོའི་དོ་དམ་དང་སྤྲུལ་སྐུའི་ཡང་སྲིད་གནད་དོན་ཐད་རྗེས་ཕྱོགས་སུ་ཇི་ལྟར་སྒྲུབ་དགོས་ཚུལ་སྐོར་གྱི་གསུང་བཤད་གལ་ཆེན་གནང་། འདིས་ནི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ནི་ཁྱད་དུ་འཕགས་པའི་ཆོས་ལུགས་ཀྱི་དབུ་འཛིན་ཞིག་ཡིན་པའི་ཆ་ནས་ཐོག་མཐའ་བར་གསུམ་དུ་གནད་དོན་འདི་དག་ལ་བསམ་གཞིག་གནང་ཞིང་། དུས་བསྟུན་མདུན་སྐྱོད་ཀྱི་བྱེད་ཕྱོགས་ལྟར་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་འཆམ་མཐུན་ཡོང་བའི་བྱ་གཞག་རླབས་པོ་ཆེ་འདི་འཚོལ་ཞིབ་གནང་བཞིན་པ་ར་སྤྲོད་བྱེད་ཐུབ།  ཡིན་ནའང་མི་རྣམས་ཆེས་ཡིད་སེམས་སྐྱོ་དགོས་པ་ཞིག་ལ། ཏག་ཏག་ཉིན་གསུམ་ཙམ་གྱི་རྗེས་སུ་རིན་པོ་ཆེ་ལགས་སྐུ་ངལ་ཐལ་དྲགས་པའི་རྐྱེན་གྱིས་གློ་བུར་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པ་དེས་ང་རང་ཚོར་ཇི་སྲིད་བར་དུ་ཕངས་སེམས་སྐྱེ་དགོས་པའི་འགྱོད་གདུང་ཞིག་བཞག་སོང་།
2019ལོའི་ཟླ1པོའི་ཚེས18ཉིན་པེ་ཅིང་ནས།