ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་པ།

སྤེལ་དུས 2019-02-19 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཏེང་ཅན་ཧྲེན་དང་། ཡོན་ཆོན། ཆུང་བདག་སྒྲོལ་དཀར།
—— བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་པའི་སྐོར་གྱི་དངོས་བྲིས།
              2013ལོའི་ཟླ་10ཚེས་31ཉིན་མེ་ཏོག་ལ་གཞུང་ལམ་དངོས་སུ་ཤར་གཏོང་ཐུབ་ཡོད། ལམ་ཤར་གཏོང་ཐུབ་པ་དེས་ལོ་གཅིག་ཞག་མ་365ཚང་མར་མེ་ཏོག་ལ་འགྲོ་འོང་བྱེད་ཐུབ་ནས་ནད་ལྟ་བ་དང་སློབ་གྲྭར་བསྐྱོད་རྒྱུ་སོགས་ལ་སྟབས་བདེ་བྱུང་ཡོད། ཟོག་གོང་ཆག་པ་དང་། མེ་ཏོག་ལ་ཡུལ་སྐོར་དུ་འགྲོ་མཁན་མང་དུ་ཕྱིན་པ། ཕྱིར་ལས་མི་བྱེད་པར་འགྲོ་མཁན་མེ་ཏོག་བའང་མང་དུ་ཕྱིན་ཡོད། དེ་སྔོན་བརྙན་འཕྲིན་ནས་མ་གཏོགས་མཐོང་རྒྱུ་མེད་པའི་རླངས་འཁོར་ཆུང་གྲས་ཀྱང་ད་ཆ་མེ་ཏོག་ཏུ་མང་པོ་མཐོང་རྒྱུ་ཡོད་ཅིང་། འདི་ནི་མེ་ཏོག་རྫོང་གྲོང་གི་རྣམ་པ་ཧྲིལ་པོ་ཡིན(2018ལོའི་ཟླ་5ཚེས་6ཉིན་མི་མེད་གནམ་གྲུའི་ཐོག་ནས་པར་བླངས་པ།
              7.9%
              ▶ལོ་ལྔ་ལྷག་ཙམ་རིང་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་ལྟར་གྲངས་གནས་གཉིས་ཡན་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་ན་ནིང་རྫོང(ཆུས)25དབུལ་ཞྭ་ཕུད་དེ་དབུལ་པོར་འགྱུར་ཚད་28.8%ནས་7.9%བར་ཆག་པ།
              628
              ▶སྟོབས་ཤུགས་གཅིག་སྡུད་བྱས་ནས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་628བསྐྲུན་པ་དང་། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོའི་གཞུང་ལམ་རྣམ་གྲངས་181སྒྲིག་འཛུགས་ལག་བསྟར་བྱས་ཏེ་ལམ་ཐག་སྤྱི་ལེ་2534བསྐྲུན་པ་མ་ཟད། མཐའ་མཚམས་ཀྱི་གློག་མེད་པའི་ས་ཁུལ་སྔར་བས་མང་བར་གློག་ཤར་གཏོང་ཐུབ་པ་དང་དྲ་ཆེན་དྲ་རྒྱ་ཡང་ཤར་གཏོང་ཐུབ་ཡོད།
              ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་དར་དམར་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོ་སྐལ་བཟང་སྒྲོལ་དཀར་གྱིས་བསྟུད་མར་སྐབས་གསུམ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གནང་བ་དང་འབྲེལ་ཉེ་དུས་བྲེལ་བརྩོན་ཆེན་པོས་བརྟག་ཞིབ་གནང་བཞིན་ཡོད། “བརྟག་དཔྱད་ཞིབ་འཇུག་མང་ཙམ་བྱས་ནས་མང་ཚོགས་ཀྱིས་གང་ཞིག་བསམ་བློ་གཏོང་བ་དང་གང་ཞིག་རེ་སྒུག་བྱེད་པ་ཤེས་རྟོགས་སྔར་ལས་མང་བ་བྱས་ཚེ་གཞི་ནས་མི་རིགས་ཁག་གི་མང་ཚོགས་ཕྱར་བ་གྲུ་འདེགས་ངང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྣེ་ཁྲིད་ཡག་པོ་བྱེད་ཐུབ”ཅེས་ལོ་57ལ་སླེབས་པའི་སྐལ་བཟང་སྒྲོལ་དཀར་གྱིས་བརྗོད་ཅིང་། ཁོང་གིས་ལོ་ལྔ་ལྷག་ཙམ་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོས་རང་ཉིད་ཀྱིས་དཔའ་ངར་ཆེ་སྐྱེད་ངང་མདུན་སྐྱོད་བྱ་རྒྱུར་སྐུལ་ལྕག་ཐེབས་བྱུང་ཞེས་བརྗོད།
              2013ལོའི་ཟླ་3ཚེས་9ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་མཐོང་ཆེན་པོ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁུར་ཆེན་པོ་གནང་གི་ཡོད་ཅེས་ནན་བཤད་གནང་ཡོད། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་ཡག་པོ་བྱེད་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ། འབད་འབུངས་ཆེར་སྐྱེད། བབ་བསྟུན་འཕྲལ་སྒྲུབ་བཅས་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་གོང་འཕེལ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་ཧུར་ཐག་གཏོད་པ། བོད་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ཏེ་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
              ལོ་5ལྷག་ཙམ་འདས་ཟིན་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཟབ་མོ་དེ་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་གསོན་ཉམས་དོད་པའི་ལག་ལེན་དུ་གྱུར་ཏེ་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་ལྟར་གྲངས་གནས་གཉིས་ཡན་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་ན་ནིང་རྫོང(ཆུས)25དབུལ་ཞྭ་ཕུད་དེ་དབུལ་པོར་འགྱུར་ཚད་28.8%ནས་7.9%བར་ཆག་པ་མ་ཟད། རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སྒྲིག་ཆེན་པོ་བྱུང་ནས་གངས་ལྗོངས་ཀྱི་བུ་ཕྲུག་ཚོ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་བཞིན་ཡོད་པ་རེད།
འགྲིམ་འགྲུལ་གྱི་ཆ་རྐྱེན་ལེགས་སུ་ཕྱིན་ནས་ཐོབ་ཚོར་སྔར་བས་མང་བ་བྱུང་བ།
              དེ་སྔའི་ལྷུན་རྩེ་རྫོང་གྲོང་ནས་མདོ་ཡུལ་ལྷོ་པ་མི་རིགས་ཤང་བར་གྱི་གྲོག་རོང་བརྒྱུད་པའི་འཕྲང་ལམ་དོག་པོ་དེ་ད་ཆ་རྒྱལ་ལམ་219ཡི་ཆ་ཤས་སུ་གྱུར་ཡོད། ཡངས་ཤིང་ཁོད་སྙོམས་པའི་སྣུམ་ནག་ལམ་བསྐྲུན་མཇུག་འགྲིལ་མཚམས་སུ་སླེབས་ཡོད་པ་རེད། “ལོ་བཅུ་གྲངས་གོང་རྫོང་གྲོང་དུ་འགྲོ་བར་ཉུང་མཐར་ཡང་ཉིན་གཉིས་འགོར་གྱི་ཡོད། ད་ཆ་ཤང་དང་རྫོང་བར་གྱི་སྣུམ་ནག་ལམ་ཤར་གཏོང་ཐུབ་ཁར་ཞིང་དུད་བརྒྱ་ཆ་དྲུག་ཅུས་རླངས་འཁོར་ཉོས་ཡོད་སྟབས་ཆུ་ཚོད་གཉིས་གསུམ་ནང་ཕར་འགྲོ་ཚུར་འོང་བྱས་ཏེ་ཤང་ཡོངས་ཀྱི་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.8ལས་བརྒལ་ཡོད། འགྱུར་ལྡོག་དེ་དག་ཚང་མ་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་མདོ་ཡུལ་ཤང་གི་ཤང་ཀྲང་བཀྲ་ཤིས་དབྱངས་ཅན་གྱིས་བརྗོད་པ་རེད།
              1981ལོར་སྐྱེས་པའི་བཀྲ་ཤིས་དབྱངས་ཅན་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི་ཡིན་པ་དང་ཁོང་ནི་རང་རྒྱལ་གྱི་མི་འབོར་ཉུང་ཤོས་ཀྱི་མི་རིགས་ཏེ་ལྷོ་པ་རིགས་ཡིན་པ་རེད། 2013ལོར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་སྐབས་བཀྲ་ཤིས་དབྱངས་ཅན་གྱིས་སྤྱི་ཁྱབ་ཧྲུའུ་ཅིར་བོད་ཀྱི་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་ལ་ཉེ་བའི་ལོ་ཤས་རིང་དགའ་བ་སྐྱེ་འོས་པའི་འཕེལ་རྒྱས་བྱུང་བ་རྣམས་སྙན་སེང་ཞུས་པ་དང་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པོ་ཇི་ལྟར་གཏོང་རྒྱུའི་ཐད་གྲོས་འགོ་ཡང་བཏོན་ཡོད་པ་རེད།
              “2013ལོར་ངས་སྤྱི་ཁྱབ་ཧྲུའུ་ཅིར་མེ་ཏོག་ལ་ལམ་ཤར་གཏོང་ཐུབ་པ་མ་ཟད། ད་ཆ་གྲོང་ཚོར་ཡང་སྣུམ་ནག་ལམ་བཏིངས་ཡོད་པའི་གནས་ཚུལ་སྙན་སེང་ཞུས་པ་ཡིན”ཞེས་མེ་ཏོག་རྫོང་བདེ་ཞིང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་པད་མ་ཆོས་སྒྲོན་གྱིས་བརྗོད། 1984ལོར་སྐྱེས་པའི་པད་མ་ཆོས་སྒྲོན་2013ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མིར་བདམས་ཐོན་བྱུང་བ་དང་སྐབས་དེར་བོད་ཀྱི་འཐུས་མི་ཚོགས་པའི་ཁྲོད་ནས་འཐུས་མི་ལོ་ཆུང་ཤོས་དེ་རེད། ཁོང་གིས་ལོ་10ལ་སླེབས་སྐབས་རང་ཉིད་མེ་ཏོག་ནས་ཉིང་ཁྲི་གྲོང་ཁུལ་དུ་སློབ་གྲྭར་ཐེངས་དང་པོ་བསྐྱོད་པ་དང་ཨ་ཕ་ང་གཉིས་ཀྱིས་ཉིན་མཚན་ལྔའི་ལམ་ཐག་ཕྱིན་ཡོད་པ་གསལ་པོར་ངེས་ཀྱི་ཡོད། ད་ཆ་མེ་ཏོག་རྫོང་གི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཡོངས་སུ་བསྐྲུན་ཟིན་ནས་ཡུལ་མི་རྣམས་བདེ་འཇགས་དང་བག་ཕེབས་པའི་སྡོད་ཁང་ནང་སྡོད་རྒྱུ་བྱུང་ཡོད་པ་རེད།
              གྲངས་གཞི་ལས་མངོན་པ་ལྟར་ན། 2018ལོར་བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་32.5བཏང་ནས་ཐོན་ཁུངས་ལམ་དང་། ཐོན་ལས་ལམ། ཡུལ་སྐོར་ལམ་བཅས་ཀྱི་རྣམ་གྲངས་177འཛུགས་སྐྲུན་བྱས་ཡོད། 2018ལོའི་ལོ་མཇུག་བར་གྲོང་གསེབ་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་ཁྱོན་སྤྱི་ལེ་ཁྲི་6.88ཟིན་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་1.31གསར་སྐྲུན་རྒྱས་སྐྲུན་བྱས་པ། ཤང་དང་གྲོང་རྡལ་34དང་སྒྲིག་ཚང་གྲོང་ཚོ་533ལ་འཁོར་རིགས་ཤར་གཏོང་ཐུབ་པ། ཤང་དང་གྲོང་རྡལ་དང་སྒྲིག་ཚང་གྲོང་ཚོར་འཁོར་རིགས་ཤར་གཏོང་ཐུབ་ཚད་སོ་སོར་82.49%དང་47.86%ཟིན་ཡོད་པ་རེད།
མཐའ་དར་དམངས་ཕྱུག་ཡོང་ཆེད་ཕྱར་བ་གྲུ་འདེགས་ངང་འབྱོར་འབྲིང་ཕྱོགས་སུ་བསྐྱོད།
              རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་བོད་ཀྱིས་ལོ་5ལྷག་ཙམ་རིང་བོད་ཀྱི་རང་བྱུང་ཐོན་ཁུངས་ལེགས་པའི་མཐའ་མཚངས་ལ་ཏང་གི་མཐའ་སྐྱོང་བོད་བརྟན་གྱི་སྲིད་ཇུས་བཟང་པོ་ལག་བསྟར་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གོ་སྐབས་བཟང་པོར་བརྟེན་ནས་ཉིན་བཞིན་དབྱར་མཚོ་རྒྱས་པ་ལྟར་དར་རྒྱས་གོང་འཕེལ་འགྲོ་བཞིན་ཡོད་པ་རེད།
              བོད་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱེད་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མཐའ་མཚམས་གྲོང་ཚོའི་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད། 2017ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་སྟོབས་ཤུགས་གཅིག་སྡུད་ཀྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་628འཛུགས་སྐྲུན་བྱས་པ་དང་མིག་སྔར་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་གཞུང་ལམ་རྣམ་གྲངས་181སྒྲིག་འཛུགས་ལག་བསྟར་བྱས་ཏེ་ལམ་ཐག་སྤྱི་ལེ་2534བསྐྲུན་ནས་མཐའ་མཚམས་ས་ཆ་མང་པོར་སྣུམ་ནག་ལམ་བཏིངས་པ་དང་། གློག་དྲ་ཆེན་པོས་གློག་མཁོ་འདོན་བརྟན་པོ་ཐུབ་པ། དྲ་རྒྱ་ཤར་གཏོང་ཐུབ་པ་བཅས་བྱུང་ཡོད།
              “2018ལོར་མེ་ཏོག་རྫོང་དངོས་སུ་དབུལ་སྒྲོལ་ཐུབ་པའི་ཁྱབ་བསྒྲགས་བྱས་པ་དང་ད་ཆ་ཕྱི་རོལ་དང་འབྲེལ་གཏུག་དམ་ཟབ་བྱུང་ནས་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་ཕྱིན་ནས་ཡུལ་མི་ཚོར་ནད་ལྟ་སྐབས་སྨན་རིན་མི་དགོས་པ་དང་། ལོ་15རིང་སློབ་ཡོན་མི་དགོས་པའི་སློབ་གསོ། སྣོད་བཅུད་ལས་གནས་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་སྟེ་ཚ་བའི་ས་ཁུལ་གྱི་གནམ་གཤིས་ཀྱི་ལེགས་ཆར་བརྟེན་ནས་ཇ་ལས་དང་ཡུལ་སྐོར་ལས་རིགས་སོགས་ཀ་རྟེན་ཐོན་ལས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཕྱིན་ཡོད”ཅེས་པད་མ་ཆོས་སྒྲོན་གྱིས་སྤོབས་པ་ཆེན་པོས་བརྗོད་ཅིང་། ཁོང་གིས་རང་ཉིད་གནས་སའི་བདེ་ཞིང་ཤང་གི་ཡུལ་མི་70%ཐོན་ལས་ནང་ཞུགས་ཡོད་ཅེས་བརྗོད་པ་རེད།
              མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོ་ནི་དུད་ཚང་48ལས་མེད་པའི་མཐའ་མཚམས་གྲོང་ཚོ་ཞིག་ཡིན་པ་དང་དྲ་ཐོག་ཚོང་ཁང་ལ་བརྟེན་པས་ཡུལ་མི་ཚོ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་ཡོད། “གྲོང་ཚོར་ཉི་ནུས་གློག་ཁང་བསྐྲུན་པ་དང་། ཁྲོན་པ་དང་། ཡུལ་མིའི་བྱེད་སྒོའི་ཐང་ཆེན། ལུས་སྦྱོང་ཁུལ་དང་ཞིང་པའི་དཔེ་དེབ་ཁང་སོགས་ལེ་ལག་ཚང་བའི་སྒྲིག་ཆས་ཡོད་པ་མ་ཟད། ལོ་ལྔ་དྲུག་གོང་ནས་གཞུང་ལམ་ཤར་གཏོང་ཐུབ་ཡོད། ད་ཆ་བདེ་མཆོག་གྲོང་ཚོ་ནི་མངའ་རིས་ས་ཁུལ་ཡོངས་ཀྱི་འཚོ་བའི་ཆ་རྐྱེན་ཡག་ཤོས་ཀྱི་གྲོང་ཚོའི་གྲས་ཤིག་ཡིན”ཞེས་ཡུལ་མི་དབང་རྒྱལ་གྱིས་བཤད།
              དབུལ་སྒྲོལ་འགོག་སྒྲོལ་གྱི་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པར་ཤིན་ཏུ་དབུལ་བའི་ས་ཁུལ་ལ་སྟོབས་ཤུགས་གཅིག་སྡུད་བྱས་ནས་2018ལོར་བོད་ཀྱི་རྫོང(ཆུས)25དབུལ་ཞྭ་ཕུད་དེ་གྲོང་ཚོ་དབུལ་པོ(གྲོང་ལྷན)2100ཡི་མི་ཁྲི་18དབུལ་སྒྲོལ་བདེ་བླག་ཐུབ་ཡོད་པ་རེད།
མི་སེམས་གཅིག་སྒྲིལ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་ལོངས་སུ་སྤྱོད་རྒྱུ་བྱུང་བ།
              “བོད་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བར་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གཞིར་བཟུང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་སྟངས་འཛིན་ནན་པོ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པར་ང་ཚོའི་རིམ་ཁག་ཏང་ཡོན་ལས་བྱེད་པས་བརྩེ་སེམས་ཟབ་མོ་བཅངས་ནས་དམངས་སེམས་དང་མཐུན་པ་དང་། དམངས་ཀྱི་དཀའ་ངལ་སེལ་བ། དམངས་ཆེད་ལས་དོན་སྒྲུབ་པ་བཅས་ཀྱི་བྱ་བ་དངོས་སེམས་ནུས་གཅིག་སྒྲིལ་ངང་ཡག་པོ་བསྒྲུབས་ནས་མང་ཚོགས་ལ་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་དེ་བས་མང་བ་ཡོང་བར་བྱེད་དགོས”ཞེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གསུངས་པ་རེད།
              “དེ་སྔ་དར་དམར་གྲོང་ཚོ་ནི་ཤིན་ཏུ་དབུལ་བའི་གྲོང་ཚོ་ཞིག་ཡིན་ཞིང་། ཁང་པ་གོག་ཧྲུལ་ཡིན་པ་མ་ཟད། ལམ་ཡང་ཡག་པོ་མེད། ད་ཆ་ཁང་པ་གསར་ཞིང་རྒྱ་ཆེ་བ་དང་། སྣུམ་ནག་ལམ་སྒོ་འགྲམ་བར་བཏིངས་ཡོད་ལ་དངུལ་ཁུག་ནང་དངུལ་ཡང་འབེལ་དུ་ཕྱིན་པ་དེ་དག་ཚང་མ་ནི་གུང་ཁྲན་ཏང་གི་བཀའ་དྲིན་ཡིན”ཞེས་དར་དམར་གྲོང་ཚོའི་ལོ་60ལྷག་ཙམ་ལ་སླེབས་པའི་རྒན་རྒོན་དོན་གྲུབ་ཀྱིས་བཤད། 2018ལོར་དར་དམར་གྲོང་ཚོར་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.2ཟིན་ཡོད། “ད་ཆ་དར་དམར་གྲོང་ཚོར་ཡུལ་མི་ཕུད། ད་དུང་རྒྱ་རིགས་དང་། ཧུད་རིགས། མོན་པ་རིགས་བཅས་ཀྱི་སྤུན་ཟླ་གཅེན་གཅུང་ཚོའང་ཡོད”ཅེས་སྐལ་བཟང་སྒྲོལ་དཀར་གྱིས་བརྗོད།
              ཉེ་ལམ་ལོ་ཤས་རིང་། བོད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞི” མི་རིགས་མཐུན་སྒྲིལ་སོགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱ་ཁྱབ་སྤེལ་ནས་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན། བཅའ་ཁྲིམས། རྒྱལ་གཅེས་ཆོས་གཅེས་བཅས་དྲིལ་བསྒྲགས་ཀྱི“གཤམ་སྤེལ་ལྔའི”བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་སྤེལ་ཐོག“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་བྱེད་སྒོ་གཏིང་ཟབ་སྤེལ་ཡོད། བརྟག་དཔྱད་ལས་མངོན་པར་ལྟར་ན། 2018ལོར་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་99%ཡན་ཟིན་ཡོད་པ་རེད།

(རྩོམ་སྒྲིག་པ། སངས་སྐྱབས།)