ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་དབྱི་རན་དབྱི་སི་ལན་གྲོས་ཚོགས་ཁང་གི་གྲོས་དཔོན་དང་མཇལ་མོལ་གནང་བ།

སྤེལ་དུས 2019-02-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཟླ་བ་གཡུ་སྒྲོན།
            རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་༢༠ཉིན་མི་དམངས་ཚོགས་ཁང་ཆེན་མོར་དབྱི་རན་གྱི་དབྱི་སི་ལན་གྲོས་ཚོགས་ཁང་གི་གྲོས་དཔོན་ལྷ་ལི་ཅ་ཉི་དང་མཇལ་མོལ་གནང་ཡོད།
            ཞི་ཅིན་ཕིང་གིས། ཀྲུང་གོ་དང་དབྱི་རན་གྱི་མཛའ་གྲོགས་འབྲེལ་བ་ཡུན་རིང་བ་དང་། ཕྱོགས་གཉིས་པོ་ཕན་ཚུན་ཡིད་ཆེས་བྱེད་པ་དང་མཛའ་བཤེས་ཟབ་མོ་ཡོད་པ་ལོ་རྒྱུས་ཀྱི་ཚོད་བགམ་ཐེབས་ཡོད། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་གང་འདྲ་ཕྱིན་རུང་། ཀྲུང་གོས་དབྱི་རན་ཕྱོགས་དང་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་གོང་འཕེལ་གཏོང་འདོད་པའི་ཆོད་སེམས་ལ་འགྱུར་བ་འགྲོ་མི་སྲིད། དུས་བབ་གསར་པའི་འོག ཀྲུང་གོ་དང་དབྱི་རན་གྱིས་མུ་མཐུད་དུ་འཐབ་ཇུས་ཡིད་ཆེས་བརྟན་དུ་གཏོང་དགོས་པ་དང་། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་ཆེ་བའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས་པ་དང་། འབྲེལ་གཏུགས་དང་མཐུན་སྦྱོར་དམ་ཟབ་བྱེད་དགོས་པ། ཁ་ཕྱོགས་གཅིག་ཏུ་སྐྱོད་དེ་དངོས་གཉེར་མཉམ་ལས་བྱེད་དགོས་པ། བདེ་འཇགས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་དང་། མི་ཆོས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ། རྒྱལ་སྤྱིའི་ཕྱོགས་མང་ཚོགས་རར་མཐུན་སྦྱོར་དང་རོགས་ལས་བྱེད་རྒྱུར་ཤུགས་སྣོན་རྒྱག་ཏེ། རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་གྱུར་མ་ལག་བསྐྲུན་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་གསུངས་གནང་བ་དང་།
            ཞི་ཅིན་ཕིང་གིས། ཁྲིམས་བཙུགས་ལས་ཁུངས་བར་གྱི་འབྲེལ་གཏུགས་ནི་ཀྲུང་གོ་དང་དབྱི་རན་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དབྱི་རན་དབྱི་སི་ལན་གྲོས་ཚོགས་ཁང་གིས་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ། ཕན་ཚུན་དབར་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བཟང་པོ་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས་པ། རྒྱལ་སྤྱི་དང་ས་ཁོངས་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་ནང་གི་འབྲེལ་གཏུགས་དང་མཐུན་སྦྱོར་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་པ། ཁྲིམས་བཙུགས་ལས་ཁུངས་ཀྱིས་ཕྱོགས་གཉིས་འབྲེལ་བར་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ཐད་ཐོན་པའི་གལ་ཆེའི་སྐུལ་འདེད་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་ཞེས་བསྟན་གནང་ཡོད།
            ཞི་ཅིན་ཕིང་གིས་ད་དུང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ས་ཁུལ་གྱི་བདེ་འཇགས་ལ་དོ་ཁུར་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ཕྱོགས་ཁག་གིས་མཉམ་ལས་ལ་ཤུགས་སྣོན་རྒྱག་ཏེ། དབུས་ཤར་དེ་ཉིད་གང་མགྱོགས་བརྟན་ལྷིང་དང་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་འདོད་ཚུལ་འཛིན་པ་དང་། ང་ཚོས་དབྱི་རན་གྱིས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ནུས་པ་ཡག་པོ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་ཞུ་རྒྱུ་དང་། དབྱི་རན་ཕྱོགས་དང་ས་ཁུལ་གྱི་གནད་དོན་ཐད་མུ་མཐུད་འབྲེལ་གཏུགས་དང་མཐུན་སྦྱོར་བྱ་འདོད་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།
            ལྷ་ལི་ཅ་ཉིས་དབྱི་རན་གྱི་ཆེས་མཐོའི་དབུ་འཛིན་ཧ་མེ་ཉི་ཡི་དང་ཙུང་ཐུང་ལུའུ་ཧ་ཉིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་ཞུ་ཚུལ་བརྒྱུད་ཞུ་གནང་བ་དང་། ཁོང་གིས། དབྱི་རན་གྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་མིག་རྒྱང་ཐོག་ནས་ཀྲུང་གོའི་བར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འབྲེལ་བ་གོང་འཕེལ་གཏོང་གི་ཡོད། དབྱི་རན་དང་ཀྲུང་གོས་མཛའ་གྲོགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དེ་རྒྱལ་ཁབ་གཉིས་པོའི་རྩ་བའི་ཁེ་ཕན་དང་མཐུན་པ་མ་ཟད། ཨེ་ཤེ་ཡ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་གོང་འཕེལ་ལ་དོན་སྙིང་གལ་ཆེན་ལྡན་ཡོད། དུས་བབ་གསར་པའི་འོག དབྱི་རན་གྱིས་ཀྲུང་གོའི་བར་གྱི་ཆབ་སྲིད་ཡིད་ཆེས་བརྟན་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་བྱ་དོན་ནང་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་གསུངས་འདུག

རྩོམ་སྒྲིག་པ། སངས་སྐྱབས།