ནགས་ཚལ་གྱི་མེ་འགོག་ལ་ཞུགས་ཏེ། མཉམ་དུ་བོད་ལྗོངས་ཀྱི་གྲུབ་འབྲས་བསྐྲུན་པ།
སྤེལ་དུས 2019-02-22
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
བོད་ལྗོངས་ནགས་ཚལ་མེ་འགོག་སྤྱི་རུའི་ལྷ་ས་རུ་ཆེན་གྱིས་ནགས་ཚལ་མེ་འགོག་པ་བསྡུ་བའི་དྲིལ་སྒྲོག་སྤེལ་བ།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་2ཚེས་19ཉིན་ནི་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་ཏེ་ལྒང་ཞུའི་དུས་ཆེན་ཡིན་ལ། བོད་ལྗོངས་ནགས་ཚལ་མེ་འགོག་སྤྱི་རུའི་ལྷ་ས་རུ་ཆེན་གྱིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ཉེ་འགྲམ་དང་ལྷུན་གྲུབ་རྫོང་མཁར། བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཁུལ་གསར་བ་བཅས་སུ། ནགས་ཚལ་མེ་འགོག་ལ། ཁྱེད་ཡོད་ན་དེ་བས་ངར། ང་ཚོར་ཞུགས་ཏེ། དར་རྒྱས་མཉམ་དུ་རྩོམ་ཞེས་བྱ་བའི་ནགས་ཚལ་མེ་འགོག་པ་བསྡུ་བའི་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། ལོ་ན་འཚམ་པའི་གཞོན་སྐྱེས་མང་པོ་འདྲི་རྟོག་དང་མིང་ཐོ་འགོད་པར་བཀུག
ལོ་ན་འཚམ་པའི་གཞོན་སྐྱེས་ཀྱིས་ལས་བསྡུའི་སྲིད་ཇུས་འདྲི་རྟོག་བྱེད་པ།
མང་ཚོགས་ལ་ནགས་ཚལ་རུ་ཁག་གི་མདུན་ལམ་ངོ་སྤྲོད་པ།
ཉིན་དེར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ཉེ་འགྲམ་དང་ལྷུན་གྲུབ་རྫོང་དུ་མི་ཚོགས་ཆུ་བཞུར་བཞུར་བྱེད་ཅིང་། ལྷ་ས་གྲོང་ཁྱེར་གྱི་ནགས་ཚལ་རུ་ཆེན་གྱིས་སྒྲུབ་པའི་ནགས་ཚལ་མེ་འགོག་པ་བསྡུ་བའི་བློ་འདྲི་དང་དྲིལ་སྒྲོག་བྱང་བུ་འགྲེམ་གཏོང་ནི་བླ་ལྷག་ཏུ་སྣང་མཐོང་ཆེ་བ་ཞིག་རེད། མི་རྣམས་ཀྱིས་འདྲི་རྟོག་ལང་ལོང་ངང་ནགས་ཚལ་མེ་འགོག་པ་བསྡུ་བའི་སྲིད་ཇུས་ཀྱི་གཏན་འབེབས་དང་ལས་རིམ་གྱི་ཐབས་ཤེས་ལ་རྒྱུས་ལོན་བྱེད།
འདྲི་རྟོག་པ་ལ་མིང་ཐོ་འགོད་ཚུལ་ངོ་སྤྲོད་པ།
ནགས་ཚལ་མེ་འགོག་རུ་མི་དག་གིས་ཡུལ་དངོས་སུ་དྲིལ་སྒྲོག་སྐུལ་སློང་སྤེལ་ཞིང་། ཕྱོགས་ཡོངས་ནས་ལས་བསྡུའི་སྲིད་ཇུས་ངོ་སྤྲོད་དང་ནགས་ཚལ་མེ་འགོག་པ་བསྡུ་བའི་དྲིལ་སྒྲོག་བྱང་བུ་འགྲེམ་གཏོང་། བློ་འདྲི་དང་ལེན་དང་རེ་འདུན་ཡོད་མཁན་དག་རྩ་འཛུགས་ཀྱིས་མིང་ཐོ་འགོད་དུ་བཅུག
བོད་ཀྱི་མང་ཚོགས་ལ་ནགས་ཚལ་མེ་འགོག་པ་བསྡུ་བའི་མིང་ཐོ་འགོད་ཚུལ་སྟོན་པ།
སློབ་ཆེན་པ་ནགས་ཚལ་མེ་འགོག་པར་ཞུགས་པའི་སྐུལ་སློང་བྱེད་པ།
བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཁུལ་གསར་བ་རུ། ནགས་ཚལ་མེ་འགོག་རུ་མི་རྣམས་སློབ་ཁང་དུ་སོང་ནས་སློབ་ཆེན་སློབ་མ་རྣམས་ལ་ནགས་ཚལ་མེ་འགོག་རུ་ཁག་གི་མདུན་ལམ་དང་ལས་བསྡུའི་སྲིད་ཇུས། ཕན་བདེའི་ལྟ་སྐྱོང་། སློབ་ཆེན་པའི་ལས་ཀའི་འཕེལ་རྒྱས། སྤྱི་ཚོགས་ཕན་བདེ་སོགས་འབྲེལ་ཡོད་སྲིད་ཇུས་རབ་དང་རིམ་པ་གསལ་བཤད་བྱས་པ་དང་། སློབ་ཆེན་སློབ་མ་ནགས་ཚལ་མེ་འགོག་རུ་ཁག་ལ་ཞུགས་ཏེ་མི་ཚེའི་ལེ་ཚན་གསར་བ་འགོ་རྩོམ་པའི་སྐུལ་ལྕག་ཀྱང་གནང་།
སློབ་ཆེན་སློབ་མའི་དོགས་པ་འགྲོལ་བ།
ཐེངས་འདིའི་ནགས་ཚལ་མེ་འགོག་པའི་ལས་བསྡུ་ལ་དྲ་ཐོག་ནས་མིང་ཐོ་འགོད་ཐབས་སྤྱད་པ་དང་། མིང་ཐོ་འགོད་ཡུན་ནི་ཟླ་1ཚེས་25ཉིན་གྱི་ཆུ་ཚོད་24ནས་ཟླ་2པའི་ཚེས་28ཉིན་གྱི་ཆུ་ཚོད་18བར་ཡིན། ལས་བསྡུ་མི་སྣས་ལས་བསྡུའི་དྲ་ཚིགས་(དྲ་ཚིགསhttp://xfyzl.119.gov.cn)བརྒྱུད་ནས་ལས་བསྡུའི་སྤྱི་བསྒྲགས་དང་ལས་བསྡུའི་འཆར་གཞི། སྲིད་ཇུས་ཁྲིམས་སྲོལ་སོགས་ཆ་འཕྲིན་འཚོལ་ཐུབ་ཅིང་། ཡང་ན་ཡུལ་དེ་གའི་ནགས་ཚལ་མེ་འགོག་ཡན་ལག་རུ་ཁག་དང་རུ་ཆེན་དང་རུ་འབྲིང་བརྒྱུད་ནས་འདྲི་རྟོག་དང་མིང་ཐོ་འགོད་ཆོག
ཡུལ་དེའི་མང་ཚོགས་ཀྱིས་མིང་ཐོ་འགོད་པ།
རྩོམ་སྒྲིག་པ། སངས་སྐྱབས།