ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

༣༡༥འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཉིན་མོའི་སྐབས་སུ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཤེས་བྱའི་ཐོན་དབང་སྲུང་སྐྱོང་བྱེད་ཤུགས་ཇི་ལྟར་ཆེ་རུ་གཏོང་རྒྱུའི་སྐོར་གླེང་བ།

སྤེལ་དུས 2019-03-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། བཀྲ་ཤིས་དབང་ཕྱུག
            ཤེས་བྱའི་བདག་དབང་གི་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་ཞེས་པ་དེ་སྤྱི་ཚེས་༡༢ཉིན་ཁྱབ་བསྒྲགས་བྱས་པའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ནང་བཅུག་པ་རེད། ༣.༡༥རྒྱལ་སྤྱིའི་འཛད་སྤྱོད་པའི་དབང་སྤྱོད་ཉིན་མོ་སླེབས་སྐབས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཤེས་བྱའི་བདག་དབང་ལ་གནོད་འཚེ་གཏོང་བ་དང་རྫུན་རྫུས་ཞན་གསུམ་གྱི་ཚོང་ཟོག་བཟོ་འཚོང་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ་ཞེས་པའི་བརྗོད་གཞིར་དམིགས་ནས་ཐབས་འདོན་ཇུས་འགོད་ཧུར་ཐག་བྱས་ཡོད།
            ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུའི་ནང་གི་གྲངས་གཞི་ལས་མངོན་པར་གཞིགས་ན། སྤྱི་ལོ༢༠༡༨ལོར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སྒོ་བྱང་བཀལ་ནས་ཤེས་བྱའི་བདག་དབང་ལ་གནོད་འཚེ་བཏང་བའི་དཔེ་མཚོན་གྱོད་གཞི་ཚབས་ཆེན་༣༢སྒྲུབ་གཉེར་བྱས་པ་དང་། ཁེ་བེད་བདག་ཐོབ་དང་། ཚོང་རྟགས། ཚོང་ལས་གསང་བ་སོགས་ལ་གནོད་འཚེ་བཏང་བའི་ཉེས་གསོག་པ་༨༣༢༥ཞུ་གཏུག་བྱས་པ་དེ། དུས་མཚུངས་ལས་༡༦.༣%འཕར་བ་རེད། རིམ་པ་ཁག་གི་ཁྲིམས་ཁང་གིས་ཤེས་བྱའི་ཐོན་དངོས་བདག་དབང་གི་གྱོད་གཞི་ཁྱོན་ཉིས་འབུམ་བརྒྱད་ཁྲི་བརྒྱད་སྟོང་ཞིབ་གཅོད་མཇུག་སྒྲིལ་བྱས་པ་དེ། དུས་མཚུངས་ལས་༤༡.༨%འཕར་བ་རེད། ཚོང་རའི་གྲུབ་ཆ་གཙོ་བོ་ཉིན་བཞིན་འཁྲུག་ཏུ་འགྲོ་བ་དང་། དཔལ་འབྱོར་འཕར་སྣོན་གྱི་འགུལ་ནུས་གསར་རྙིང་བརྗེ་སྒྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ། ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་རེད།
            ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོང་གི་མ་གནས་མཐོ་བ་དང་། དབང་གནོད་མ་གནས་དམའ་བའི་གནད་དོན་ཇི་ལྟར་ཐག་གཅོད་བྱེད་དགོས་ཞེ་ན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སི་ཁྲོན་ཞིང་ཆེན་ཤེས་བྱའི་ཐོན་དབང་ཞབས་ཞུ་སྐུལ་སྤེལ་ལྟེ་གནས་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲའོ་ཧུའེ་ཡིས། ན་ནིང་གསར་དུ་བཙུགས་པའི་རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས། ཁྲིམས་འཛིན་སྟོབས་ཤུགས་སྔར་བས་བསྡུ་སྒྲིལ་བྱ་ཆེད་རྨང་གཞི་བཟང་པོ་བཏིང་ཡོད་ཅེས་ངོས་འཛིན་གནང་བ་རེད།
            རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཨན་ཐ་ཚད་ཡོད་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཏིང་ཧྲི་ཀྲུང་གིས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ཁྱབ་འདལ་བྱེད་ཤུགས་དང་། དབང་གནོད་ཆད་གཅོད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་ཞེས་གསུངས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།