ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་མཇལ་འཕྲད་གནང་།

སྤེལ་དུས 2019-03-28 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།

ཚེས26ཉིན།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ལི་ནས་ཆེད་དུ་ཀྲུང་གོ་དང་ཧྥ་རིན་སིའི་འཛམ་གླིང་བཅོས་སྐྱོང་གླེང་སྟེགས་ཀྱི་མཇུག་བསྡུའི་མཛད་སྒོར་ཞུགས་པར་ཡོང་བའི་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་མཇལ་འཕྲད་གནང་།
             ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས26ཉིན་པ་ལི་ནས་ཆེད་དུ་ཀྲུང་གོ་དང་ཧྥ་རིན་སིའི་འཛམ་གླིང་བཅོས་སྐྱོང་གླེང་སྟེགས་ཀྱི་མཇུག་བསྡུའི་མཛད་སྒོར་ཞུགས་པར་ཡོང་བའི་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་མཇལ་འཕྲད་གནང་།
             ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་རྒྱལ་སྤྱིའི་གནས་བབ་ཁྲོད་དུ་གཏན་འཇགས་མིན་པ་དང་གཏན་འཁེལ་བྱེད་དཀའ་བའི་རྒྱུ་རྐྱེན་སྣ་ཚོགས་ཇེ་མཐོར་འགྲོ་བཞིན་ཡོད་ནའང་། ཀྲུང་གོ་དང་འཇར་མན་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱིས་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་སྲུང་འཛིན་བྱས་ཡོད། ཉིས་སྟོང་བཅོ་བརྒྱད་ལོར་ཀྲུང་གོས་མུ་མཐུད་ནས་ལོ་གསུམ་གྱི་རིང་ལ་འཛམ་གླིང་སྟེང་ཆེས་ཆེ་བའི་འཇར་མན་གྱི་ཉོ་ཚོང་གྲོགས་པོའི་འབྲེལ་བ་སྲུང་འཛིན་བྱས་ཡོད་པ་དང་། འཇར་མན་ཁེ་ལས་ཀྱིས་ཀྲུང་གོར་དངོས་སུ་མ་དངུལ་གཏོང་ཚད་བརྒྱ་ཆའི་བརྒྱ་དང་བཞི་བཅུར་སླེབས་ཡོད། ང་ཚོས་མུ་མཐུད་དུ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་བསྐྱེད་དེ་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་འབེན་དང་བསམ་ཕྱོགས་ལ་སྐུལ་འདེད་གཏོང་རྒྱུ་སྔ་མོ་ནས་གཏན་འཁེལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་རྨང་གཞི་ཇེ་བཟང་ཇེ་ལེགས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
             ཞི་ཅིན་ཕིང་གིས་བསྟན་དོན། ལྕམ་ཙུང་ལི་ལགས་ཀྱིས་ཐེངས་མང་པོར་འགྱུར་མེད་ཡིད་ཆེས་དང་མཉམ་ལས་གཉིས་རྒྱལ་ཞེས་བསྟན་མྱོང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་བསམ་ནའང་མཉམ་འབྲེལ་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་ནི་འཛམ་གླིང་རང་བཞིན་གྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པའི་གདམ་གསེས་གཅིག་པུ་ཡིན་པར་འདོད་ཡོད། མིག་སྔར་གྱི་གནས་བབ་འོག་ཏུ་ཀྲུང་གོ་དང་འཇར་མན་བར་གྱི་མཉམ་ལས་དང་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་དགོས་གལ་རང་བཞིན་དེ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ལས་བརྒལ་ཡོད་ཟེར། ཞི་ཅིན་ཕིང་གིས་གོ་རིམ་རྗེས་མའི་ཀྲུང་གོ་དང་འཇར་མན་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་འདོད་ཚུལ་གསུམ་བཏོན། གཅིག་ནི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བརྒྱུད་དེ་འཛམ་གླིང་ཡོངས་ལ་མཉམ་ལས་མཉམ་རྒྱལ་གྱི་དཔེ་སྟོན་བྱེད་དགོས། གཉིས་ནས་ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་ལས་ཀྱིས་སྣེ་ཁྲིད་ནས་འཛམ་གླིང་ཡོངས་ལ་སྔར་ལས་གཏན་འཇགས་ཡིན་པའི་རྒྱུ་རྐྱེན་བསྐྲུན་དགོས། གསུམ་ནས་འཛམ་གླིང་བཅོས་སྐྱོང་ལ་མཉམ་དུ་སྐུལ་འདེད་བཏང་ནས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།
             མའོ་ཁི་ཨར་གྱིས་བསྟན་དོན། འཇར་མན་དང་ཀྲུང་གོ་གཉིས་ལ་ཁྱབ་རྒྱ་ཆེ་བའི་ཐུན་མོང་གི་ཁེ་ཕན་ཡོད་པ་དང་། ཉེ་བའི་ལོ་འགའི་རིང་ལ་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཇེ་ལེགས་སུ་སོང་བར་མ་ཟད། རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཇེ་དམ་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཡོད། འཇར་མན་ཕྱོགས་ཀྱིས་གྲངས་རིག་དུས་རབས་ཀྱི་འཇར་མན་དང་ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་གཏིང་ཟབ་ཏུ་བཏང་སྟེ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཧུར་ཐག་གིས་ཞུགས་པར་རེ་བ་བྱེད་བཞིན་ཡོད་ཟེར།
             ཏིན་ཞོའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལི་ཧྥིན་སོགས་མཇལ་འཕྲད་ལ་ཞུགས།