ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས“བོད་བརྒྱུད་ནང་བསྟན་འཕེལ་རྒྱས་དེ་བསྟན་པ་ཡང་དར་གྱི་དུས་སྐབས་སུ་སླེབས་པའི”སྐོར་གླེང་བ།

སྤེལ་དུས 2019-04-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས“ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་མཛད་རྗེས་རྡོ་རིང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60འཁོར་བའི་དམིགས་བསལ་འགྲེམས་སྟོན།”ལ་གཟིགས་སྐོར་གནང་བཞིན་པ།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་4པའི་ཚེས་10ཉིན་གྱི་ཕྱི་དྲོར། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་པེ་ཅིང་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས“ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་མཛད་རྗེས་རྡོ་རིང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60འཁོར་བའི་དམིགས་བསལ་འགྲེམས་སྟོན།”ལ་གཟིགས་སྐོར་གནང་བ་རེད། “ཆོས་ལུགས་བྱེད་སྒོ་རྒྱུན་ལྡན་ལྟར་སྤེལ་བའི”འགྲེམས་ཚན་མཐོང་སྐབས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཐེངས་མང་རིང་དེ་གར་འགྲེངས་བཞུགས་ཐོག་ཡུལ་དངོས་ཀྱི་མི་སྣ་དང་གྲོས་བསྡུར་ཡང་ཡང་གནང་ཞིང་། དེའི་ནང་པར་རིས་གཅིག་ནི་2016ལོའི་ཟླ་7པར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་གཞིས་ཀ་རྩེར་དཔལ་དུས་ཀྱི་འཁོར་ལོའི་རྡོ་རྗེ་སྨོན་ལམ་འཚོག་སྐབས་ཀྱི་རྣམ་པ་རེད། 
           “སྐབས་དེ་དུས་ཆོས་ཚོགས་ལ་ཞུགས་མཁན་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཧ་ཅང་མང་པོ་ཡོད་པས་གཞིས་ཀ་རྩེའི་སྣེ་ལེན་གྱི་ནུས་པ་ལས་བརྒལ་ཡོད་ཅིང་། འབྲེལ་ཡོད་སྡེ་ཚན་གྱིས་མཐུན་སྦྱོར་གང་ལེགས་དང་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པར་བརྟེན་ཐེངས་དེའི་ཆོས་ཚོགས་ནི་གོ་རིམ་ལྡན་ཞིང་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།” སྲིད་གཞུང་སྡེ་ཚན་གྱིས་ཆོས་ཚོགས་ལ་རྒྱབ་སྐྱོར་དང་རོགས་རམ་སྐོར་གླེང་སྐབས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་གདེང་འཇོག་དང་ཁས་ལེན་གང་ལེགས་གནང་ཡོད་འདུག 
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས“པར་ལེན་མཁས་པའི་མིག་ལམ་གྱི་བོད་ལྗོངས”ཞེས་པའི་འགྲེམས་ཁུལ་ལ་གཟིགས་སྐོར་གནང་བཞིན་པ།
           ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་དེ།2015ལོར་ཞི་ཅིན་ཕིང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་མཇལ་འཕྲད་གནང་སྐབས“ཆོས་ཀྱི་དགོངས་དོན་ལ་འཆད་འགྲེལ་ཧུར་ཐག་བྱས་ནས་བོད་བརྒྱུད་ནང་བསྟན་དགོངས་དོན་ཁྲོད་ཀྱི་དགེ་སྒྲུབ་སྡུག་སྤང་དང་། འདྲ་མཉམ་བཟོད་སྒོམ། དབུལ་སྐྱོར་དཀའ་སེལ་སོགས་ཀྱི་དགེ་མཚན་ལྡན་པའི་དགོངས་པ་དར་སྤེལ་གཏོང་དགོས”ཞེས་བསྟན་པ་དང་། 2016ལོའི་ཟླ4པར་འཚོགས་པའི་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས་ཆོས་ལུགས་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་རིགས་པའི་གཞུང་ལུགས་ཁ་གསལ་བཏོན་པ། ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱས་བཤད་གཏིང་ཟབ་གནང་བ་མ་ཟད། དུས་བབ་གསར་པའི་འོག་ཆོས་ལུགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཇེ་ལེགས་སུ་གཏོང་བའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་རེད། 
           པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་བ་དེས་གདུག་རྩུབ་ཆེ་བའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་ཏེ། བོད་མི་དམངས་ཀྱི་མགོ་བོ་གནོན་པའི་རི་བོ་ཆེན་པོ་གསུམ་མེད་པར་བཟོས་ཡོད་པ་དང་། བོད་བརྒྱུད་ནང་བསྟན་དང་དེ་བཞིན་བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གཞན་དག་རྩ་མེད་དུ་བཏང་མེད་པའི་ཁར་དེ་ལས་ལྡོག་སྟེ་སྲུང་སྐྱོང་དེ་ལས་ལྷག་པ་གནང་ཡོད་ཅེས་བསྟན་བྱུང་། 
           “བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་པ་ལས་བོད་བརྒྱུད་ནང་བསྟན་གྱི་རྩ་བ་ཇེ་བརྟན་དུ་ཕྱིན་ནས་སྟོན་པ་རིན་པོ་ཆེའི་ཐུགས་དགོངས་དང་ནང་བསྟན་གྱི་དགོངས་དོན་ལ་དེ་ལས་མཐུན་པར་བྱས་ཐོག  བོད་བརྒྱུད་ནང་བསྟན་ནི་དེ་ལས་ཀྱང་བདེ་ཐང་གི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་ཡོད་པ་རེད། ངེད་ཀྱི་སྐུ་གོང་མ་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བོད་བརྒྱུད་ནང་བསྟན་དེ་བསྟན་པ་ཡང་དར་གྱི་དུས་སྐབས་སུ་སླེབས་ཡོད་ཅེས་གསུངས་མྱོང་ཡོད་ལ། ངེད་ཀྱི་ངོས་ནས་ཀྱང་བོད་བརྒྱུད་ནང་བསྟན་དེ་བསྟན་པ་ཡང་དར་བྱུང་པ་ནི་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་དང་འཚམ་མཐུན་ཡོང་བའི་ལམ་བུའི་ཐོག་བསྐྱོད་དེ་ད་གཟོད་དར་སྤེལ་བྱུང་པར་ངོས་འཛིན་གྱི་ཡོད་ལ། དེ་དང་ཆབས་ཅིག་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་བོད་བརྒྱུད་ནང་བསྟན་གྱི་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་སྒྲུབ་དགོས་པ་ནི་དམངས་སེམས་དང་བསྟུན་པ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་ཞིང་། བོད་བརྒྱུད་ནང་བསྟན་གྱིས་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་བདེ་སྐྱིད་ལ་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཚེ་ད་གཟོད་རྒྱུན་སྐྱོང་ཐུབ་པ་དང་མུ་མཐུད་ནས་དར་སྤེལ་གཏོང་ཐུབ། གལ་ཏེ་དེ་ལས་རྒྱབ་འགལ་དུ་སོང་ཚེ་ལོ་རྒྱུས་ཀྱིས་རྒྱང་དུ་དོར་ངེས་ཞེས་བསྟན།