ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

【ཕ་ཡུལ་གྱི་གདུང་དབྱངས】སྒེག་ཉམས་ཀྱིས་ཕྱུག་པའི་རེབ་གོང་བུ་མོ།

སྤེལ་དུས 2019-04-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          ལོ་ཞིག་ལ་མཚོ་སྔོན་རེབ་གོང་གི་དྲུག་པའི་ཀླུ་རོལ་སྟེང་གི་མཛེས་ཤིང་ལྟ་བས་ཆོག་མི་མངོན་པའི་བུད་མེད་ཀྱི་འདྲ་པར་ཞིག་སྐད་འཕྲིན་སྟེང་དུ་ཁྱབ་སྟེ་ངའི་གྲོགས་ཚོམས་སུ་གནམ་ས་གས་སྒྲའི་དཔྱད་གཏམ་མང་པོ་སྤེལ་ཞིང་། ལ་ལས་དེ་ནི་རྒྱའི་འཁྲབ་སྟོན་པ་གྲགས་ཅན་ཀུང་ལི་དང་འདྲ་ཟེར་བ་དང་། ལ་ལས་ཧྲུའུ་ཆི་དང་འདྲ་པོ་འདུག་ཟེར། ཡང་ལ་ལས་དེ་ནི་འཁྲབ་སྟོན་པ་རྣམས་ལས་ཀྱང་མཛེས་ཟེར་གྱིན་འདུག ངས་ཡུལ་དངོས་སུ་མཐོང་ཞིང་། དོན་ངོ་མས་བཤད་ན་ལྷན་སྐྱེས་ཀྱི་མཛེས་སྡུག་ལྡན་པའི་དབང་པོ་སྣ་ལྔ་དང་། ལྷན་སྐྱེས་ཀྱི་ཡིན་མདོག་མི་བྱེད་པའི་ཉམས་འགྱུར་དང་རང་མདངས། རང་སྣང་མ་ཡིན་པའི་མིག་མདངས། དེའི་སྟེང་བོད་བཟོའི་སྨད་གཡོགས་ནག་པོ་གྱོན་པའི་སྐྱེས་གཟུགས་བཅས་ཁོ་མོའི་མཛེས་པ་དང་ཁྱད་ཆོས་མཐོང་ཚེ། མི་ཚོགས་ཚང་མ་ཁུ་སིམ་མེར་བསྡད་དེ་མིག་རང་དབང་མེད་པར་མོས་ཐོག་ཏུ་ཤོར་བར་བྱེད། མཛེས་པ་དེས་སྐད་ཅིག་ཙམ་རིང་མིང་གྲགས་ཆེ་བའི་སྐྱེས་མ་རྣམས་འཇོམས་པར་བྱེད།

           ལོ་གཉིས་འགོར་སོང་། ངས་རེབ་གོང་དྲན་མ་ཐག་མིག་མདུན་དུ་མཛེས་སྡུག་ལྡན་པའི་ངོ་གདོང་དེ་འཆར་ཡོང་། དོན་དངོས་ཐོག་ཐེངས་དེའི་དྲུག་པའི་ཀླུ་རོལ་སྟེང་མཛེས་མ་རྣམས་སྐར་ཚོགས་ལྟར་མང་ཞིང་། དེའི་ཁྲོད་ནས་བུ་མོ་འདི་ནི་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་བཞིན་ཤིན་ཏུ་མཛེས། རྒྱ་རིགས་ཀྱི་བུད་མེད་ཅིག་ཡིན་པའི་ངོས་ནས་ངས་གྲངས་ཉུང་མི་རིགས་ཀྱི་བུད་མེད་ལ་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། ཁོང་ཚོ་ཚང་མར་རང་ཉིད་ཀྱི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་ཡོད་ཅིང་། དེ་ནི་གཟབ་རྒྱས་ཀྱིས་མི་རིགས་ཀྱི་ལོ་རྒྱུས་རྒྱུན་འཛིན་བྱེད་པ་ཡིན་ལ། མི་རིགས་ཀྱི་མཛེས་དཔྱོད་ཀྱི་མཚོན་ཚུལ་ཞིག་ཀྱང་ཡིན། གལ་ཆེའི་དུས་ཆེན་དུ་སླེབས་ཐེངས་རེར་ཁོ་མོ་ཚོས་མགོ་སྐྲ་ཡག་པོར་སླས་པ་དང་། རང་ཉིད་ཀྱི་མགོ་ནས་རྐང་པའི་བར་དུ་ཆེས་མཛེས་སྡུག་ལྡན་པའི་ཚོན་མདངས་དང་རྒྱན་གོས་ཀྱིས་སྤྲས་པར་བྱེད།  གལ་ཏེ་བུད་མེད་རྣམས་ལ་ཚེ་གང་བོར་ཆེས་བཀྲག་མདངས་འཚེར་བའི་མེ་ཏོག་བཞད་དུས་འགའ་ཞིག་མ་གཏོགས་མེད་ན། ཁོ་མོ་ཚོས་གཟབ་མཆོར་ལེགས་པར་སྤྲས་པའི་སྐད་ཅིག་མ་དེ་ནི་ངེས་པར་དུ་མེ་ཏོག་ལྷུག་པོར་བཞད་པའི་དུས་ཡིན། 
          དྲུག་པའི་ཀླུ་རོལ་གྱི་དུས་ཆེན་དུ་གར་བྲོའི་འཁྲབ་སྟོན་མང་པོ་ཞིག་ཡོད་པ་དང་། དེའི་ནང་དུ་ཞུགས་མཁན་ནི་གཉེན་སྒྲིག་བྱས་མེད་པའི་ན་གཞོན་བུ་མོ་ཡིན་ཞིང་། ཁོང་ཚོས་ལུས་སུ་བོད་ལྭ་གཟབ་མཆོར་གྱོན་པ་དང་གཡུ་དང་བྱུ་རུ་མུ་ཏིག་གིས་བརྒྱན་པ་དང་། གདོང་ལ་སྣུམ་སྣ་ཚོགས་བྱུགས་ཏེ་ལག་པ་བཀྱགས་ནས་གོམ་པ་གང་རེས་དལ་མོར་འགྲོ་བཞིན་ཡོད།  ཞབས་བྲོའི་སྟངས་སྟབས་སྟབས་བདེ་ཞིང་དལ་མོད། འོན་ཀྱང་བུ་མོ་ཚང་མས་ལྟད་མོ་བའི་མིག་དབང་འཕྲོག་པར་བྱེད།    
          ལོ་ན་ཕྲ་བའི་བུ་མོ་དང་། གཉེན་སྒྲིག་ཟིན་པའི་བུད་མེད། བུད་མེད་རྒན་རྒོན་བཅས་ནི་ཚོགས་རའི་ཕྱི་རོལ་གྱི་ལྟད་མོ་བ་ཤ་སྟག་ཡིན་མོད། ཁོ་ཚོ་ཚང་མས་ཀྱང་བོད་ལྭ་གྱོན་ནས་གཟབ་མཆོར་སྤྲས་ཏེ་ཧ་ཅང་མཛེས་སྡུག་ལྡན།  ངའི་མིག་དབང་ནི་བར་མཚམས་མེད་པར་ཁོ་མོ་ཚོའི་འོད་མདངས་ཀྱིས་འཚེར་བར་བྱེད།    
          གཤམ་དུ་དྲུག་པའི་ཀླུ་རོལ་གྱི་འདྲ་པར་ཁག་གཅིག་བཀོད་དེ་ཚང་མར་རེབ་གོང་བུ་མོའི་སྒེག་ཉམས་དང་བོད་ཀྱི་རྒྱན་གོས་ཀྱི་མཛེས་པ་མྱོང་རོལ་བྱེད་དུ་འཇུག་རྒྱུ་ཡིན།