ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་བརྟག་ཞིབ་གནང་བ།

སྤེལ་དུས 2019-04-17 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། མིག་དམར་རྒྱ་མཚོ།
             སྤྱི་ཟླ་༤པའི་ཚེས་༡༥ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་བརྟག་ཞིབ་གནང་བར་ཕེབས་ཏེ། དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་འཕེལ་རིམ་དང་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ཚུལ་མཁྱེན་རྟོགས་གནང་བ་རེད།
             སྤྱི་ཚེས་༡༥ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁྲུང་ཆིང་གྲོང་ཁྱེར་ཧྲེ་ཀྲུའུ་ཐུ་ཅ་རིགས་རང་སྐྱོང་རྫོང་ཀྲུང་དབྱི་ཤང་སློབ་ཆུང་དུ་བརྟག་ཞིབ་གནང་བར་ཕེབས་ནས་དགེ་སློབ་དང་མཛའ་བརྩེའི་བཀའ་མོལ་གནང་ཡོད། དགེ་རྒན་ཞིག་གིས་སྤྱི་ཁྱབ་ཧྲུའུ་ཅིར་རང་ཉིད་ནི་སློབ་ཆུང་དེ་རང་ནས་ཐོན་རྗེས་མ་ཡུམ་སློབ་གྲྭར་དགེ་རྒན་བྱེད་པར་ཡོང་བ་དང་། ལས་ཀར་ཞུགས་ནས་ད་བར་ལོ་༡༧ཕྱིན་སོང་ཞེས་བརྗོད་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་དགྱེས་ཚོར་ཆེན་པོའི་ངང་ཡག་པོ་བྱུང་འདུག གཞི་རིམ་དུ་གཞིས་ཆགས་པའི་གྲོང་གསེབ་དགེ་རྒན་ཁག་གཅིག་ཡོད་པ་ང་རང་ནས་མཐོང་འདོད་འདུག ང་ཚོའི་རྒྱལ་ཁབ་དང་ང་ཚོའི་ཕ་ཡུལ་ལ་རྗེས་རབས་པ་ཕུལ་བྱུང་གསོ་སྐྱོང་བྱེད་ཀྱི་ཡོད་པས་ཁྱེད་ཚོའི་ལས་ཀར་དོན་སྙིང་ཆེན་པོ་ལྡན་ཡོད་ཅེས་གསུངས་གནང་བ་རེད།
             དེ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲེ་ཀྲུའུ་ཐུ་ཅ་རིགས་རང་སྐྱོང་རྗོང་ཀྲུང་དབྱི་ཤང་ཧྭ་ཤི་གྲོང་ཚོའི་དབུལ་ཕོངས་ཁྱིམ་དུད་ཐན་ཏེང་ཀྲའུ་ཡི་ཁྱིམ་དུ་ཕེབས་ཡོད། ཐན་ཏེང་ཀྲའུ་རྒན་རྒོན་གཉིས་པོ་ན་ནིང་ནད་གཞི་དང་རྨས་སྐྱོན་ཕོག་པའི་དབང་གིས་དབུལ་ལོག་ཐེབས་པ་དང་། རོགས་སྐྱོར་སྲིད་ཇུས་འོག་དབུལ་སྒྲོལ་བྱུང་ཞིང་གཞི་རྩའི་འཚོ་བར་འགན་སྲུང་བྱུང་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅིས་རྒན་རྒོན་གཉིས་པོ་དང་ཡོང་སྒོ་དང་སྨན་རིན་ཐད་རྩིས་བསྐྱོན་གནང་བ་སྟེ། མ་མཐའི་འཚོ་བའི་ཁ་གསབ་ག་ཚོད་ཡོད་མེད་དང་། ས་ཞིང་གཡར་གཏོང་བྱས་པར་ལོ་གཅིག་ལ་ཡོང་འབབ་ག་ཚོད་ཡོད་མེད། སྨན་རིན་ག་ཚོད་ཕྱིན་ཡོད་མེད། རྩིས་ཞུ་ག་ཚོད་བྱས་ཡོད་མེད། བུ་ཕྲུག་གིས་ཕ་མར་ལོ་གཅིག་ལ་སྲི་ཞུ་སྒྲུབ་པའི་དངུལ་ག་ཚོད་སྤྲོད་ཀྱི་ཡོད་མེད་སོགས་ཞིབ་ཕྲ་དྲིས་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ཟས་གོས་གཉིས་ལ་སེམས་ཁྲལ་མེད་པ་ང་ཚོས་ཐད་ཀར་མཐོང་བྱུང་། སྨན་བཅོས་འགན་བཅོལ་དང་སྡོད་ཁང་བདེ་འཇགས་ལྡན་པ་བྱུང་འདུག ང་ཚོའི་སྲིད་ཇུས་ཀྱིས་གལ་ཏེ་མང་ཚོགས་ལ་ཕན་པ་ཐོབ་ཚེ། ང་ཚོའི་སྲིད་ཇུས་དངོས་གནས་ཡག་པོ་བྱུང་བ་རེད་ཅེས་གསུངས་པ་རེད།
             ཧྭ་ཤི་གྲོང་ཚོའི་གྲོང་མི། ཏང་ཡོན་རྒན་གྲས་མ་ཕའེ་ཆིང་གི་ཁྱིམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཚོའི་འཐུས་མི་དང་དབུལ་སྐྱོར་ལས་བྱེད་པ་དང་མཉམ་དུ་བཞུགས་ཏེ་དབུལ་སྒྲོལ་འགག་སྒྲོལ་སྐོར་གླེང་གནང་ཡོད། ཞི་ཅིན་ཕིང་གིས། ང་རང་འདི་གར་ཆེད་མངགས་ཁྱེད་ཚོར་བལྟ་བར་ཡོང་བ་ཡིན། གནམ་གྲུ་དང་། མེ་འཁོར། རླངས་འཁོར་བཅས་འགྲིམ་འགྲུལ་ཡོ་བྱད་རིགས་མི་འདྲ་བ་གསུམ་བརྒྱུད་འདི་གར་སླེབས་བྱུང་། མ་ཟད་ས་ཆ་འདི་རང་ལ་བལྟ་བར་ཡོང་བ་ཡིན། ཡིན་ནའང་ང་རང་འདི་གར་ཡོང་བའི་དམིགས་ཡུལ་གང་ཡིན་ཞེ་ན། དེ་ནི་ང་ཚོའི་དབུལ་སྐྱོར་ལས་དོན་ལ་བལྟ་ཆེད་ཡིན། འབྱོར་འབྲིང་ལ་སླེབས་ཡོད་མེད་ཀྱི་འགག་རྩ་ནི་གྲོང་ཚོའི་མང་ཚོགས་ལ་བལྟ་དགོས། མང་ཚོགས་ལ་གང་གི་ཐད་ནས་བལྟ་དགོས་སམ་ཞེ་ན། གལ་འགངས་ཆེ་ཤོས་ནང་གི་ཆེ་ཤོས་ནི་དབུལ་སྐྱོར་ལས་དོན་གང་འདྲ་བྱུང་མིན་དེ་ཡིན། དབུལ་སྐྱོར་ལས་དོན་ཐད་ང་ཚོའི་ཆེས་གཞི་རྩའི་ཚད་གཞི་ནི་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ཡིན་ཞེས་གསུངས་པ་རེད།
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་མའི་ཟས་གོས་གཉིས་ལ་སེམས་ཁྲལ་མེད་པ་དང་དེ་བཞིན་སློབ་གསོ་དང་། སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ལ་སྔར་བས་འགན་ལེན་ཡོད་པ་མཐོང་དུས་བློ་བདེ་པོ་བྱུང་ཞེས་གསུངས་པ་དང་། ཁོང་གིས། བདེ་སྐྱིད་ནི་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན་པ་དང་། ཏང་གི་སྲིད་ཇུས་ཡག་པོ་ཡོད་དུས་འབད་བརྩོན་བྱས་ཏེ་མདུན་དུ་བསྐྱོད་དགོས། དེ་རིང་ཁྱེད་ཚོ་དང་ཐུག་པས་ཧ་ཅང་དགའ་པོ་བྱུང་ལ་དོན་དངོས་ཀྱི་གནས་ཚུལ་ཁག་གཅིག་ཀྱང་མཐོང་བྱུང་། དངོས་གནས་སྒུག་རྟེན་སློང་གསུམ་མིན་པར་རང་ཉིད་ཀྱིས་འབད་བརྩོན་བྱེད་ཀྱི་འདུག བདེ་སྐྱིད་ནི་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན་པས་ཁྱེད་ཚོས་འབད་འཐབ་བྱེད་ཀྱི་འདུག་པས་དེ་ནི་ཧ་ཅང་ཡག་པོ་རེད་ཅེས་གསུངས་ཡོད་པ་རེད།
             སྤྱི་ཚེས་༡༦ཉིན་གྱི་ཕྱི་དྲོ་ཁྲུང་ཆིང་དུ་བརྟག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། འབྲེལ་ཡོད་ཞིང་ལྗོངས་དང་གྲོང་ཁྱེར་བཅས་ཀྱི་ཏང་ཨུད་ཧྲུའུ་ཅི་དང་། ཁྲུང་ཆིང་གི་རྫོང་དང་ཤང་། གྲོང་ཚོ་བཅས་ཀྱི་ལས་བྱེད་པའི་འཐུས་མི། ཀྲུང་དབྱང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ནས་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུས་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།