ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས“པར་ལེན་མཁས་པའི་མིག་ལམ་གྱི་བོད་ལྗོངས”ཞེས་པའི་པར་རིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ།

སྤེལ་དུས 2019-04-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་4པའི་ཚེས་10ཉིན་གྱི་ཕྱི་དྲོར། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དུ“པར་ལེན་མཁས་པའི་མིག་ལམ་གྱི་བོད་ལྗོངས”ཞེས་པའི་པར་རིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། 
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་“པར་ལེན་མཁས་པའི་མིག་ལམ་གྱི་བོད་ལྗོངས”ཞེས་པའི་པར་རིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བཞིན་པ།
              གཟིགས་སྐོར་གནང་རིང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བོད་ཀྱི་ལོ་ངོ་60ཡི་རིང་གི་འཕོ་འགྱུར་ཆེན་པོ་དང་དེར་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་དགོངས་ཚོར་ཟབ་པོ་བྱུང་ནས་སྐབས་རེར་འགྲེམས་སྟོན་གྱི་གནས་ཚུལ་བཀའ་འདྲི་གནང་བ་དང་། སྐབས་རེར་འདས་སོང་ལ་ཕྱིར་དྲན་གནང་སྟེ་བསྔགས་བརྗོད་ཡང་ཡང་གནང་ཞིང་། ཁོང་གིས“ཤིན་ཏུ་ཐོབ་དཀའ་བའི་སྒྱུར་བཅོས་ཀྱི་གྲུབ་འབྲས་དང་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་བྱེད་དགོས”ཞེས་གསུངས་པ་དང་། ཀུན་ནས་མུ་མཐུད་དུ་འབད་འབུངས་མཐིལ་ཕྱིན་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་སྐོར་སྐུལ་ལྕག་གནང་བ་རེད། 
              ད་རེས་ཀྱི་འགྲེམས་སྟོན་དེ་ནི་ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གིས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་རླབས་ཆེན་བརྒྱུད་རིམ་བརྒྱུད་མྱོང་པ་དང་འབྲེལ་དེ་ཉིད་ཟིན་ཐོར་འགོད་མྱོང་པའི་པར་ལེན་མཁན་བཅུ་ལྷག་ཙམ་གདན་དྲངས་ནས་ཁོང་ཚོའི་པར་ལེན་བརྩམས་ཆོས་བརྒྱུད་བོད་ཀྱི་ལོ་ངོ་60རིང་གི་འཕོ་འགྱུར་ཆེན་པོ་དང་འོད་སྟོང་འཕྲོ་བའི་ལོ་རྒྱུས་མངོན་པར་བྱས་ཡོད། 
ཡུལ་ལྗོངས་ཧྲིལ་པོ་ནས་བོད་ལ་བལྟ་བ་སྟེ་བོད་ཀྱི་འཕེལ་རྒྱས་ཧ་ཅང་མགྱོགས་པ་དང་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་པ།
              འགྲེམས་ཁང་གི་བར་ཁྱམས་ཀྱི་ལྡེབས་ངོས་སུ་བོད་ཀྱི་གྲོང་ཁྱེར་བདུན་གྱི་མཛེས་ལྗོངས་མངོན་པར་བྱས་ཡོད་ཅིང་། དེ་གར་བོད་ཀྱི་གྲོང་ཁྱེར་ལ་རྒྱང་བལྟ་གནང་སྟེ་རང་བྱུང་གི་ས་མཐོའི་ལྷིང་འཇགས་དང་རྒྱ་ཆེ་ལ་ངོ་མཚར་བའི་མཛེས་ལྗོངས། གྲོང་ཁྱེར་གྱི་ཁྲོམ་གཞུང་ཆེ་ཆུང་གང་སར་འདྲེས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་གནང་ཡོད་པ་མྱོང་ཚོར་ཐུབ་པ་རེད། 
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བོད་ཀྱི་གྲོང་ཁྱེར་དང་ས་གནས་ཁག་གི་ཡུལ་ལྗོངས་ཧྲིལ་པོའི་འདྲ་པར་ལ་གཟིགས་བཞིན་པ།
              དེའི་ནང་གི་པར་རིས་གཅིག་ལས་ནམ་མཁའ་སྔོ་ཞིང་དྭངས་པ་དང་ལྗང་མདོག་གི་ས་གཞི་གཉིས་མཉམ་དུ་འདྲེས་ཤིང་། བརྗིད་ཆགས་ཀྱི་རི་བོ་མཐོན་པོ་ནི་ལྷ་སའི་གྲོང་དུ་འགྱིང་པ་དང་། ཁྲོམ་གཞུང་ཁོད་ཡངས་པ། ལྷ་སའི་སྐྱིད་ཆུ་ནི་གྲོང་ཁྱེར་བརྒལ་ནས་བཞུར་གྱིན་པ་བཅས་ཕོ་བྲང་པོ་ཏ་ལ་ནི་གྲོང་ཁྱེར་གྱི་ལྟེ་བར་གསལ་ལེར་མཐོང་ཐུབ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དེ་གར་གཟིགས་སྐོར་གནང་སྟེ་ཡུལ་དངོས་ཀྱི་ལས་བྱེད་མི་སྣའི་ངོ་སྤྲོད་གསན་ཞོར་དུ་ཞིབ་ཕྲའི་གནད་དོན་ཁ་ཤས་སྐོར་བཀའ་འདྲི་གནང་ཞིང་། ཁོང་གིས“བོད་ལྗོངས་འཕེལ་རྒྱས་འགྲོ་བ་ཧ་ཅང་མགྱོགས་ཞིང་། འགྱུར་ལྡོག་ཤིན་ཏུ་ཆེ་བས།  ལོ་རེར་པར་རེ་མ་བརྒྱབ་ཚེ་འགྱུར་ལྡོག་གི་རྗེས་ཆོད་དཀའ་པོ་འདུག”ཅེས་ཐུགས་ཚོར་བརྗོད་བྱུང་། 
དྲ་ཐོག་ནས་བོད་ལ་བལྟ་བ་སྟེ་“བོད་ལ་དངོས་སུ་བརྒྱུད་མྱོང་མེད་མཁན་གྱིས་ཀྱང་བོད་ཀྱི་མཛེས་ལྗོངས་མྱོང་རོལ་བྱེད་ཆོག”
              འགྲེམས་ཁང་གི་འཛུལ་སྒོའི་འཆར་ཆས་སུ་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། དེ་གར་འགྲེམས་སྟོན་གནང་བཞིན་པའི“ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་མཛད་རྗེས་རྡོ་རིང”དང“པར་ལེན་མཁས་པའི་མིག་ལམ་གྱི་བོད་ལྗོངས”ཞེས་པའི་འགྲེམས་སྟོན་གྱི་ནང་དོན་ནི་དྲ་ལམ་དུ་ཡོངས་བསྒྲགས་ངང་འགྲེམས་སྟོན་བྱེད་བཞིན་ཡོད་པ་མ་ཟད། ད་དུང“བོད་ལྗོངས་དངོས་བཀོད”(འགྲེམས་ཁང)སུའང་བོད་ཀྱི་360°ཡི་དངོས་ལྗོངས་རི་མོ་66ཡོད་ལ། དེར་ཡུལ་ལྗོངས་དངོས་ཡོད་པ་མ་ཟད་རྒྱ་དབྱིན་སྐད་ཡིག་གཉིས་ཀྱི་ངོ་སྤྲོད་མདོར་བསྡུས་ཀྱང་ཡོད་ཅེས་ངོ་སྤྲོད་གནང་བྱུང་། 
              པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཐུགས་དགྱེས་པའི་ངང“གྲངས་གཞིའི་འགྲེམས་ཁང”གི་མཚོན་ཚུལ་ལ་ཁས་ལེན་གདེངས་འཇོག་གནང་བ་མ་ཟད། འགྲེམས་གཟིགས་ལ་ཡུལ་ལྗོངས་ཡོངས་ཀྱི་མིག་ཤེལ(VRམིག་ཤེལ)སྤྱད་ཆོག་མིན་དང་གྲངས་གཞི་ཡུན་རིང་ཉར་ཚགས་བྱེད་ཐུབ་མིན་སྐོར་བཀའ་འདྲི་གནང་བ་རེད། གྲངས་གཞིའི་འགྲེམས་ཁང་དེ་ཀྲུང་གོའི་བོད་ལྗོངས་དྲ་བའི་གཙོ་ངོས་སུ་བཞག་པ་དང་འབྲེལ་ཡུན་རིང་འགྲེམས་སྟོན་གནང་རྒྱུ་ཡིན་པའི་སྐོར་རྟོགས་འཕྲལ་ཁོང་ཉིད་དགའ་ཚོར་ཆེན་པོའི་ངང“མི་ཁ་ཤས་བོད་དུ་གསོ་རླུང་དཀོན་པར་སྐྲག་ནས་འགྲོ་ཕོད་ཀྱི་མེད་ཕྱིར། དེ་གར་བོད་ཀྱི་མཛེས་ལྗོངས་མྱོང་རོལ་ཡང་བྱེད་ཆོག་པ་རེད”ཅེས་གསུངས་བྱུང་། 
              ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60འཁོར་བའི་གྲངས་གཞིའི་འགྲེམས་ཁང་ནི་གྲངས་གཞི་ཅན་གྱི་རྣམ་པའི་ཐོག་ནས་གཟིགས་མོ་བས་ཁྱིམ་ནས་མཛེས་ལྗོངས་མྱོང་རོལ་བྱེད་ཐུབ་པ་དང་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ60འཁོར་བའི་འོད་སྟོང་འཕྲོ་བའི་ལོ་ཟླར་མྱོང་ཚོར་ཐུབ་པ་རེད། གྲངས་གཞིའི་འགྲེམས་ཁང་དུ“ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་མཛད་རྗེས་རྡོ་རིང”དང“པར་ལེན་མཁས་པའི་མིག་ནང་གི་བོད་ལྗོངས”“བོད་ལྗོངས་དངོས་བཀོད”“ཕུལ་བྱུང་བརྩམས་ཆོས”བཅས་ནང་དོན་ཆེན་པོ་བཞི་ཚུད་ཡོད་པ་རེད། 
པར་ལེན་མཁས་པས་བོད་ལ་བལྟ་བ་སྟེ“ཁོང་ཚོའི་མྱོང་ཚོར་ནི་ཤིན་ཏུ་ཟབ་པོ་རེད།”
              འགྲེམས་དངོས་རྩོམ་པ་པོའི་ཁྲོད།  སྐུ་འདས་པར་ལེན་མཁན་གྲགས་ཅན་ལན་ཀྲེ་ཀུའེ་ནི་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པའི་དམག་འགྲོགས་པར་ལེན་གསར་འགོད་པ་ཡིན་པ་དང་ལོ་ཉི་ཤུ་རིང་བོད་དུ་འཚོ་སྡོད་གནང་ཡོད་ཅིང་། ཁྲེན་ཙུང་ལེ་ནི1956ལོར་བོད་དུ་ཕེབས་ཏེ《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་པར་ལེན་གསར་འགོད་པའི་ལས་འགན་ཁུར་པ་རེད། ཁོང་ཚོ་ཚང་མར་ལོ་རབས་50པ་དང་ཞི་བས་བཅིངས་འགྲོལ། དམངས་གཙོའི་བཅོས་སྒྱུར་དངོས་སུ་བརྒྱུད་མྱོང་ཞིང་། ཚོན་མེད་པར་རིས་རེ་རེ་ལས་མི་དམངས་བཅིངས་འགྲོལ་དམག་བོད་དུ་བསྐྱོད་པ་དང་ཁམས་བོད་གཞུང་ལམ་འཛུགས་སྐྲུན་བྱེད་པ། ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་བ། དམངས་གཙོའི་བཅོས་སྒྱུར་བྱེད་པ། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་སོགས་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་རབ་དང་རིམ་པ་གསོན་ཉམས་ལྡན་པའི་ངང་ཟིན་ཐོར་བཀོད་ཡོད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་འགྲེམས་སྟོན་ལ་གཟིགས་སྐབས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་བརྒྱུད་རིམ་ཐད“ཁོང་ཚོའི་མྱོང་ཚོར་ནི་ཤིན་ཏུ་ཟབ་པོ་རེད”ཅེས་ཐུགས་ཚོར་གསུང་བྱུང་།
              འཕེལ་རྒྱས་འགྲོ་བཞིན་པའི་བོད་ཀྱི་སྣོད་བཅུད་དང་སློབ་གསོ། འགྲིམ་འགྲུལ་སོགས་ཕྱོགས་མང་པོའི་གྲུབ་འབྲས། བར་སྐོར་ཁྲོམ་གཞུང་གི་སྔ་དེང་བསྡུར་བ། གཞི་རིམ་གྱི་བོད་མི་དམངས་ཀྱི“ཁྱིམ་ཚང་གི་འདྲ་པར”སོགས་ལ་གཟིགས་སྐབས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཐེངས་མང་རིང་དེ་གར་འགྲེངས་ནས་ཞིབ་གཟིགས་ལན་མང་གནང་པ་རེད། 
              བོད་ཀྱི་དར་གཞོན་པར་ལེན་མཁན་གྱི་བརྩམས་ཆོས་ལ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དེ་བས་ཀྱང་དགའ་ཚོར་ཆེན་པོ་བྱུང་ནས་གཟིགས་སྐོར་བྱེད་རིང་ཁོང་གིས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་སློབ་དང་ཐུགས་དགོངས་བརྗེ་རེས་ཡང་ཡང་གནང་ཞིང་། མཚོ་བོད་ལྕགས་ལམ་གྱིས་གཙང་པོ་དང་རི་ལམ་ཀྱག་ཀྱོག་འཕྲེད་ཀྱིས་བརྒལ་བ་སོགས་ཀྱི་ཐོག་ནས་ཡངས་ཤིང་མཛེས་སྡུག་ལྡན་པའི་མེས་རྒྱལ་གྱི་རི་ཀླུང་མངོན་པར་བྱས་ཡོད་པར། ཁོང་གིས “མཁའ་བརྙན་འཕྲུལ་ཆས་སྤྱོད་པ་ནི་པར་ལེན་པའི་གསར་བརྗེ་ཞིག་རེད” ཅེས་ཐུགས་ཚོར་གསུང་པ་རེད།
              གཟིགས་སྐོར་མཇུག་འགྲིལ་ཉེར་ཡོད་པའི་སྐབས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས“བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ནི་བོད་མི་དམངས་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པའི་འཕོ་འགྱུར་ཞིག་ཡིན་ཏེ། བོད་མི་དམངས་ཀྱི་སེམས་ལ་བརྐོས་པའི་མཛད་རྗེས་རྡོ་རིང་ཞིག་རེད། འགྲེམས་སྟོན་ལས་རྒྱལ་ཁབ་ཕྱི་ནང་གི་མི་སྣ་དང་གཞོན་ནུ་དེ་བས་མང་བས་ལོ་རྒྱུས་ཀྱི་གནས་ཚུལ་དངོས་ལ་ཤེས་རྟོགས་ཐུབ་པ་དང་། ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་བདེ་སྐྱིད་འཚོ་བར་གཅེས་སྤྲས་གནང་དགོས”ཞེས་གསུང་པ་རེད།