ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་སྔོག་འདོན་གཏིང་ཟབ་བཏང་བ།

སྤེལ་དུས 2019-04-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་4ཚེས་17ཉིན་བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་ལུས་རྩལ་ཐོན་ལས་དང་ལུས་རྩལ་རྒྱན་ཤོག་ལས་དོན་ཀྱི་ཚོགས་འདུ་བསྡུས་པ་རེད། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་སྔོག་འདོན་གཏིང་ཟབ་དང་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།
བོད་རང་སྐྱོང་ལྗོངས་ཀྱི་རྟ་རྩལ་རུ་མིས་མི་རྐྱང་རྟ་རྐྱང་གི་རྣམ་གྲངས་འཁྲབ་སྟོན་བྱེད་པ།
            “ང་ཚོས་མ་རྩ་སྒོར་ཁྲི་2100བཏང་ནས།  མི་རིགས་ཀྱི་རྟ་རྩལ་དང་། མདའ་འཕེན། གཡག་རྒྱུག  སྐེ་འཐེན།  སྒྱོགས་རྡོ་འགྱོག་པ།   སྦེ་ག་རྒྱག་པ། ཀེ་ཊམ། སྐོར་བྲོ། ཤོ་རྩེ་སོགས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཀྱི་རིག་གནས་ནང་སྙིང་སྔོག་འདོན་བྱས་ནས་ལེགས་སྒྲིག་བྱས་ཡོད། ”ཅེས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས་བྱུང་།
རྟ་ཐོག་མདའ་འཕེན་གྱི་རྣམ་གྲངས།
            ངོ་སྤྲོད་བྱས་པར་གཞིགས་ན། མ་འོངས་པའི་དུས་སྐབས་ཤིག་གི་རིང་ལ་བོད་རང་སྐྱོང་ལྗོངས་ཀྱིས་ཁང་ཕྱིའི་ཐོན་ཁུངས་དང་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་རང་བྱུང་མཛེས་ལྗོངས་ཀྱི་ཐོན་ཁུངས་དང་། མི་ཆོས་རིག་གནས་ཀྱི་ཐོན་ཁུངས། ས་མཐོའི་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་ཐོན་ཁུངས་བཅས་གཞི་རྟེན་དུ་བྱེད་པ་དང་། ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་གྱི་ཚད་བརྒལ་འགྲན་བསྡུར་དང་།  གངས་རིའི་གངས་ཤུད།  རྐང་ཐང་མྱུལ་དཔྱད།  བྲག་འཛེགས་སོགས་ལུས་རྩལ་འགྲན་བསྡུར་སྤུས་རྟགས་ཀྱིས་སྣེ་ཁྲིད་བྱས་ཏེ་ས་མཐོའི་ཁྱད་ཆོས་ལྡན་པ་དང་། སྤུས་ཚད་མཐོ་བ། སྤུས་ཀ་ལེགས་པ་བཅས་ཀྱི་ལུས་རྩལ་བྱེད་སྒོ་ཁག་གཅིག་ཞིབ་ཚགས་ངང་སྤེལ་རྒྱུ་དང་། རང་ཚུགས་ཀྱི་ཤེས་བྱའི་བདག་དབང་ལྡན་པའི་སྤུས་རྟགས་འགྲན་བསྡུར་བྱེད་སྒོ་ཁག་གཅིག་སྐྱེད་སྲིང་བྱེད་པ། སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་ཁག་གཅིག་ལ་རོགས་སྐྱོར་བཅས་བྱ་རྒྱུ་རེད། 
            “དེ་དང་ཆབས་ཅིག་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།” ཞེས་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱེད་པར་གཞིགས་ན། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཀྱི་ཚན་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱེད་པ། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཀྱི་དཀར་ཆག་བཟོ་བ་བཅས་བྱ་རྒྱུ་ཡིན་པ་རེད།
འུར་རྡོ་འཕེན་པའི་འགྲན་སྡུར།
            དེ་ལས་གཞན་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྒྱུན་འཛིན་པ་སྐྱེད་སྲིང་བྱས་ཏེ་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་བྱེད་སྒོའི་ཁ་གསབ་ལམ་སྲོལ་འཚོལ་ཞིབ་དང་སྒྲིག་འཛུགས་བྱས་ཏེ་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་དེ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ནང་བཅུག་ནས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འཁྲབ་སྟོན་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་རེད།  མདའ་འཕེན་དང་ཀེ་ཊམ། གཡག་རྭ་རྡུང་བ།  ཤོ་རྩེ་སོགས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་ཡོ་བྱད་ལག་ཤེས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱས་ཏེ། ཁ་ཐོར་ལས་གྲྭ་ནས་གཅིག་བསྡུས་ཀྱིས་ཐོན་སྐྱེད་བྱེད་པར་བསྒྱུར་བ་དང་། སྲོལ་རྒྱུན་གྱི་བཟོ་རྩལ་ནས་དེང་རབས་ཀྱི་བཟོ་རྩལ་དུ་བསྒྱུར་བ་བཅས་བྱ་རྒྱུ་རེད།
            ཉི་མ་ཚེ་རིང་གིས་བཤད་རྒྱུར། “ལུས་རྩལ་དངོས་མང་སྟོན་ཚོགས་སོགས་སྟེགས་བུ་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་ཡོ་བྱད་དྲིལ་བསྒྲགས་དང་།   བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་ཡོ་བྱད་འོས་སྦྱོར་དང་འགྲེམས་སྟོན་བྱས་ཏེ་བོད་རང་སྐྱོང་ལྗོངས་འདི་ཉིད་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་ཡོ་བྱད་ཐོན་སྐྱེད་བྱེད་པའི་རྟེན་གཞི་དང་དངོས་ཟོག་མཁོ་འདོན་བྱེད་པའི་རྟེན་གཞི་ཞིག་ཏུ་བསྐྲུན་ནས་གཞི་ཁྱོན་ཅན་དང་ཕན་འབྲས་ཅན་གྱི་འཕེལ་རྒྱས་མངོན་འགྱུར་བྱུང་དུ་འཇུག་རྒྱུ་ཡིན།”ཞེས་ཟེར།
སྒྱོགས་རྡོ་འགྱོག་པའི་འགྲན་སྡུར།
            ཉི་མ་ཚེ་རིང་གིས་བརྗོད་དོན། བོད་ལྗོངས་ཀྱི་རིམ་པ་ཁག་གི་ལུས་རྩལ་སྡེ་ཚན་གྱིས་ལུས་རྩལ་བྱེད་སྒོ་བྱ་བའི་གཞི་རྟེན་བྱེད་པ་དང་། “ལུས་རྩལ་+”དང་“+ལུས་རྩལ”ཐབས་ལམ་དུ་བྱེད་པ་དང་། རྨང་རྟེན་འཛུགས་སྐྲུན་ནི་ལས་སྟེགས་སུ་བྱེད་པ། ལུས་རྩལ་ཐོན་ལས་སྲིད་ཇུས་དེ་འགན་ལེན་དུ་བྱས་ནས་ས་མཐོའི་ཁྱད་ལྡན་ཀྱི་ལུས་རྩལ་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ་དང་། ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཧུར་ཐག་ཞུ་བ། བདེ་ཐང་བོད་ལྗོངས་དང་འབྱོར་འབྲིང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་བསྟན།