ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གླང་རྩིས་ཀྱི་བབས་འབྲས་དང་བསྟུན་པའི་ས་ཞིང་རྨོ་སྲོལ།

སྤེལ་དུས 2019-04-19 ཡོང་ཁུངས། གངས་ལྗོངས་ཉི་གཞོན། རྩོམ་པ་པོ།

          ཟླ4པའི་ཚེས14ཉིན་ནི་མཛོད་དགེ་རྫོང་ཨ་སྐྱིད་རོང་དུ་ཡིད་ཆེས་དང་འཛུམ་མདངས་ཀྱིས་ཁེངས་པའི་ཡུལ་མི་རྣམས་ཞིང་ཁ་རུ་འཛོམས་པའི་ཉིན་མོ་ཁྱད་པར་བ་ཞིག་ཡིན། ཉིན་འདིར་ཡུལ་མི་རྣམས་ལྷན་དུ་འཛོམས་ནས་ས་བོན་འདེབས་པའི་ལས་ལ་བྲེལ་མགོ་བརྩམས། ད་ལོའི་གླང་རྩིས་ཀྱི་བབས་འབྲས་ལྟར་སྐྱེས་ཕོ་མོ་ཁྱད་མེད་པར་ལོ11ཅན་དང་ལོ24ཅན། ལོ35ཅན་གང་ཡང་རུང་བ། ཡུལ་ཕ་མ་གཉིས་ཀ་འཛོམས་ཤིང་དབང་བོར་སྐྱོན་མེད་པ། མིང་གི་པྲ་ལེགས་ཞིང་ལང་ཚོ་དར་ལ་བབ་པ་ཞིག་གིས་ཁ་གཙང་གི་ཕྱོགས་སུ་འཁོར་ནས་ས་བོན་འདེབས་པའི་མགོ་བརྩམས། ཡུལ་གྲུ་འདི་ཕྱོགས་ཀྱི་འགྲོ་སྲོལ་ལ་ལས་གང་ཡང་རུང་བ་ཞིག་གི་མགོ་རྩོམ་དུས་ཕྱེ་མར་དང་ཆང་ཕུད་གང་རུང་གི་མཆོད་ཀ་འཕངས་ནས། སྐྱོབ་སྐྱོབ་ཨ་མྱེས་སྐྱང་འཕགས་ཆེན་པོས་སྐྱོབ་སྐྱོབ། ཅེས་མགོ་ལ་ཨ་མྱེས་སྐྱང་འཕགས་ཆེན་པོར་མཆོད་ཀ་འཕེན་པ་དང་དེ་ནས་དེ་རིང་གི་ལས་གཞི་གང་དང་འབྲེལ་བའི་སྒོ་ནས་ཁ་གཡང་འབོད་དགོས་པར་བཤད་དེ། སྐྱོབས་སྐྱོབས་ཨ་མྱེས་སྐྱང་འཕགས་ཆེན་པོས་སྐྱོབས་སྐྱོབས།། ནས་འབྲུ་ཕུག་རོན་འདྲ་འདྲ་ཡོད་དགོས།། པྲ་མ་རལ་གྲི་འདྲ་འདྲ་ཡོད་དགོས།། ས་ལ་བཏབ་ན་ས་ཁ་གང་དགོས།། བང་ལ་བླུགས་ན་བང་ཁ་གང་དགོས།། ཞེས་ཟེར་ནས་ལས་མགོ་འཛིན་པར་བཤད།

          ཡུལ་ཕྱོགས་འདིར་ཡང་རོང་འབྲོག་གི་ལས་ཀ་ཆེ་ཁག་རྣམས་རྩིས་ཀྱི་བབས་འབྲས་དང་བསྟུན་ནས་སྒྲུབ་པར་བྱེད་སྐད། རྩིས་ཀྱི་བབས་འབྲས་ལ་བསྟུན་ནས་ལས་ཀ་བྱེད་པ་ནི་སྲོལ་རྒྱུན་གྱི་གོམས་གཤིས་ཤིག་ཡིན་པར་མ་ཟད། འདི་ལ་གནའ་མི་རྒན་པ་རྣམས་ཀྱི་ཉམས་མྱོང་འཛོམས་ཤིང་དེང་རབས་ཀྱི་ཚན་རིག་དང་ཡང་མཐུན་པས་དུས་ཀྱི་འགྲོས་དང་བསྟུན་པའི་ལས་ཀ་བྱེད་ལུགས་ཤིག་གོ །

          དེ་ཡང་མདོ་སྨད་ཤར་ཕྱོགས་ཀྱི་རོང་འཕན་ཆུ་ཤོག་ཀ་བདུན་གྱི་ཡ་གྱལ་ཨ་སྐྱིད་ཅེས་པའི་མིང་གི་ཐོགས་དོན་ནི་སྔོན་ཨ་མྱེས་སྐྱང་འཕགས་ཆེན་པོས་སྡེ་བརྒྱད་བྲན་དུ་བསྐོས་ཤིང་ཡུལ་ཁམས་བདེ་ལ་བཀོད་པས་ཁོང་གི་དྲིན་དྲན་པའི་ཕྱིར་དུ་ཨ་སྐྱིད་ཅེས་ཐོགས་པར་བཤད་པ་དང་ས་ཆ་སྐྱིད་པོ་ཞིག་ཡིན་པས་ཨ་སྐྱིད་ཅེས་ཐོགས་པར་བཤད་པའང་ཡོད། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་ཡུལ་མི་འདི་དག་ནི་འབྲུ་སྡེའི་རུས་སུ་གཏོགས་པར་བཤད་པའང་ཡོད་མོད། མཐའ་གཅིག་ཏུ་འདི་ཞེས་བཤད་པར་དཀའ་བར་བསམ། ཡུལ་གྲུ་འདི་ལ་དེང་སང་རོང་འབྲོག་གཉིས་སུ་ཡོད་ཅིང་འབྲོག་པ་རྣམས་ནི་རོང་བ་ལས་མཆེད་པར་བཤད། དེ་བས་ཡུལ་གྲུ་འདིར་ཞིང་ལས་དར་སྔ་ཞིང་དེ་དང་འབྲེལ་བའི་ཉམས་མྱོང་དང་གཏམ་རྒྱུད་ཀྱང་མང་དུ་ཡོད་པར་ངེས། སྔོན་ཨ་མྱེས་སྐྱང་འཕགས་ཆེན་པོའི་སྐབས་སམ་དེ་ལས་ཀྱང་ཡར་སྔོན་ཞིག་ནས་སོ་ནམ་ལ་བརྟེན་པའི་འཚོ་བ་རོལ་བའི་གནའ་མི་དེ་དག་གིས་ལོ་རེ་རེ་བཞིན་དུ་དུས་བཞིའི་འགྲོས་དང་བསྟུན་ནས་ཞིང་རྨོ་བ་དང་ཁང་བ་བརྩིགས་བཟོ་སོགས་ཀྱི་འཚོ་བའི་ཐོན་སྐྱེད་གོང་དུ་འཕེལ། དེ་ནས་ཆོས་ལུགས་དང་འབྲེལ་བའི་རྩིས་སོགས་དར་ཏེ་དེ་དག་གི་རིག་པ་ལ་བརྟེན་ནས་ལོ་འཁོར་གཅིག་གི་ལས་ཀ་ཆེ་ཁག་བཀོད་སྒྲིག་བྱས། དེ་ཡང་རྩིས་ཀྱི་བབས་འབྲས་ནི་ལོ་རེ་བཞིན་དུ་མི་འདྲ་བས་ལོ་རེ་རེ་བཞིན་ས་ཞིང་རྨོ་བའི་དུས་ཚིགས་ཀྱང་མི་འདྲ་བ་ཡོང་བཞིན་ཡོད། གང་ལྟར་ཨ་སྐྱིད་སྐྱང་དགོན་པའི་རྒྱ་ནག་གླང་རྩིས་ཀྱི་བབས་འབྲས་ལྟར་ས་བོན་འདེབས་པ། ལོ་ཏོག་བརྔ་འཐུ། ཁང་བ་བརྩིགས་བཟོ་སོགས་བྱེད་པ་ནི་ལོ་རྒྱུས་ཀྱི་འགྲོས་དང་མཐུན་ཞིང་འབྱུང་བའི་ཁམས་དང་བསྟུན་པའི་འགྲོ་ཕྱོགས་ཐུན་མོང་མ་ཡིན་པ་ཞིག་ཏུ་ངེས་སོ། །
རྩོམ་སྒྲིག་པ། རྡོ་རྗེ།