ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་མཚོ་དམག་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་རྒྱལ་ཁབ་མང་པོའི་མཚོ་དམག་གི་བྱེད་སྒོར་ཞུགས་མཁན་ཕྱི་ཕྱོགས་ཀྱི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་དང་མཉམ་སྡེབ་ཐོག་མཇལ་འཛོམས་གནང་བ།

སྤེལ་དུས 2019-04-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། བསྟན་འཛིན་འཇམ་དཔལ་གྱིས་བསྒྱུར།

          ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༣ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆིང་ཏའོ་རུ་གདན་ཞུས་ལྟར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་བཙུགས་ནས་ལོ་ངོ་༧༠འཁོར་བའི་རྒྱལ་ཁབ་མང་པོའི་མཚོ་དམག་གི་བྱེད་སྒོར་ཞུགས་མཁན་ཕྱི་ཕྱོགས་ཀྱི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་དང་མཉམ་སྡེབ་ཐོག་མཇལ་འཛོམས་གནང་བ་དང་། ཀྲུང་གོའི་སྲིད་གཞུང་དང་དམག་དཔུང་གི་ཚབ་ཞུས་ནས་བྱེད་སྒོར་ཞུགས་མཁན་རྒྱལ་ཁབ་ཁག་གི་མཚོ་དམག་གི་དཔོན་དམག་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་གནང་ཡོད་པ་རེད།
          ཞི་ཅིན་ཕིང་གིས། རྒྱ་མཚོ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་གནས་དང་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན། རྒྱ་མཚོས་ཚེ་སྲོག་གསོ་སྐྱོང་དང་། འཛམ་གླིང་སྦྲེལ་མཐུད། འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱེད་བཞིན་ཡོད། ང་ཚོ་མིའི་རིགས་འཚོ་གནས་བྱེད་པའི་སྐར་མའི་གོ་ལ་སྔོན་པོ་འདི་རྒྱ་མཚོ་ཡིས་ཁེར་རྐྱང་དུ་ཆགས་པའི་གླིང་ཕྲན་ཁག་ཏུ་བགོས་པ་ཞིག་མ་ཡིན་པར། རྒྱ་མཚོས་འབྲེལ་མཐུད་བྱས་ཏེ་ལས་དབང་གཅིག་མཐུན་མ་ལག་གྲུབ་ཡོད་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་ནི་བདེ་སྡུག་མཉམ་མྱོང་རེད། རྒྱ་མཚོའི་ཞི་བདེ་དང་བདེ་འཇགས་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་བདེ་ཉེན་དང་ཁེ་ཕན་དང་འབྲེལ་བ་ཡོད་པས། ཐུན་མོང་ཐོག་སྲུང་སྐྱོང་དང་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས། ཀྲུང་གོའི་མི་དམངས་ནི་ཞི་བདེར་དགའ་ཞེན་དང་། ཞི་བདེར་སྐོམ་པ་ཆུ་འདོད་ལྟར་གྱི་རེ་སྒུག་བྱེད་པ། ཞི་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་བཞིན་ཡོད། ཀྲུང་གོས་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་བསྟར་ མཐའ་གཅིག་ཏུ་བྱས་ཏེ། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་གསར་པ་འཛུགས་རྒྱུ་དར་སྤེལ་གཏོང་བ། ཀྲུང་གོའི་དམག་དཔུང་གིས་མཉམ་ལས་གཉིས་ཕན་གྱི་དར་ཆ་སྔ་ཕྱི་བར་གསུམ་དུ་མཐོན་པོར་བསྒྲེངས་ནས། འདྲ་མཉམ་ངང་ཕན་ཚུན་ཡིད་ཆེས་དང་། གཞུང་དྲང་དྲང་བདེན། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་བདེ་འཇགས་རྣམ་པ་གཏོད་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། མཚོ་དམག་དེ་ཉིད་རྒྱལ་ཁབ་ཀྱི་མཚོ་ཐོག་སྟོབས་ཤུགས་ཀྱི་གཙོ་གཟུགས་ཡིན་པའི་ཆ་ནས། རྒྱ་མཚོའི་ཞི་བདེ་བརྟན་ལྷིང་དང་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱ་རྒྱུར་འགན་འཁྲི་གལ་ཆེན་འཁུར་བཞིན་ཡོད། ཚང་མས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་མཚོ་ཐོག་གི་སྐད་ཆ་ཤོད་རེས་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། མཚོ་དམག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། གཉིས་ཕན་མཉམ་རྒྱལ་གྱི་མཚོ་ཐོག་བདེ་འཇགས་ཀྱི་ལམ་བུའི་ཐོག་བསྐྱོད་པ། ལག་གདང་སྦྲེལ་ནས་མཚོ་ཐོག་གི་ཐུན་མོང་དུ་འཕྲད་པའི་འཇིགས་སྐུལ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ནས། རྒྱ་མཚོའི་ཞི་བདེ་དང་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་དང་།

          ཞི་ཅིན་ཕིང་གིས། མིག་སྔར་རྒྱ་མཚོ་གཞི་རྟེན་དང་འབྲེལ་ཐག་ཏུ་བྱེད་པའི་ཁྲོམ་ར་དང་། ལག་རྩལ། ཆ་འཕྲིན། རིག་གནས་སོགས་ཀྱི་མཉམ་ལས་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། ཀྲུང་གོས་དུས་རབས་༢༡པའི་མཚོ་ཐོག་དར་གོས་ལམ་བུ་ཐུན་མོང་ཐོག་བསྐྲུན་རྒྱུའི་གྲོས་འགོ་བཏོན་པ་དེ་ནི་མཚོ་ཐོག་ཕན་ཚུན་སྦྲེལ་མཐུད་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱ་མཚོའི་རིག་གནས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་རྒྱ་མཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ཀྱི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོའི་དམག་དཔུང་གིས་རྒྱལ་ཁབ་ཁག་གི་དམག་དཔུང་དང་མཉམ་དུ་རྒྱ་མཚོ་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
          ཞི་ཅིན་ཕིང་གིས། ང་ཚོས་ཚེ་སྲོག་ལ་གཅེས་སྤྲས་བྱས་པ་ལྟར་རྒྱ་མཚོར་གཅེས་སྤྲས་བྱེད་དགོས་པ་དང་། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་གི་རྒྱ་མཚོའི་བཅོས་སྐྱོང་སྒྲིག་གཞི་དང་འབྲེལ་ཡོད་གཏན་འབེབས་སྒྲིག་བཟོ་དང་ལག་བསྟར་ནང་ཁྱོན་ཡོངས་ནས་ཞུགས་ཏེ་རྒྱ་མཚོ་རྒྱུན་མཐུད་གོང་འཕེལ་གྱི་དམིགས་ཚད་དོན་འཁྱོལ་བྱེད་པ་དང་། ཀྲུང་གོས་རྒྱ་མཚོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། རྒྱ་མཚོའི་ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ། རྒྱ་མཚོའི་སྐྱེ་དངོས་སྣེ་མང་རང་བཞིན་ལ་སྲུང་སྐྱོང་དང་། རྒྱ་མཚོའི་ཐོན་ཁུངས་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བེད་སྤྱོད་ཐུབ་པ་བྱས་ནས་ཕ་ཚ་བུ་རྒྱུད་ཚོར་མཚོ་མོ་དྭངས་ལ་གནམ་མཁའ་སྔོ་བ་ཞིག་ཡོང་བ་བྱེད་དགོས། ཀྲུང་གོའི་མཚོ་དམག་གིས་སྔར་རྒྱུན་བཞིན་རྒྱལ་ཁབ་ཁག་གི་མཚོ་དམག་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་འགན་འཁྲི་དང་འོས་འགན་ལག་བསྟར་ཧུར་ཐག་བྱས་ཏེ་རྒྱལ་སྤྱིའི་མཚོ་ཐོག་བདེ་འཇགས་འགན་སྲུང་བྱས་ནས་ཧུར་བརྩོན་ཆེན་པོས་དེ་བས་མང་བའི་མཚོ་ཐོག་སྤྱི་པའི་བདེ་འཇགས་ཐོན་རྫས་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས། རྒྱལ་ཁབ་ཁག་བར་གནད་དོན་ཡོད་ན་གྲོས་བསྡུར་མང་ཙམ་བྱེད་པ་དང་གནད་དོན་ཡོད་ན་གྲོས་བསྡུར་བྱས་ན་འགྲིག་པས་དྲག་ཤུགས་ལ་བརྟེན་པ་དང་དྲག་ཤུགས་ལ་བརྟེན་ནས་འཇིགས་སྣང་སྐུལ་མི་རུང་། རྒྱལ་ཁབ་ཁག་གིས་འདྲ་མཉམ་ངང་གྲོས་མོལ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཉམས་ཉེན་འཕྲད་སྐབས་ཀྱི་སྤེལ་རེས་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་ས་ཁོངས་ཀྱི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱབ་ནས་རྒྱ་མཚོ་དང་འབྲེལ་བའི་ཕྱོགས་འགལ་ཐག་གཅོད་འོས་འཚམས་བྱེད་རྒྱུར་སྐུལ་མ་གཏོང་དགོས། ད་རེས་རྒྱལ་ཁབ་མང་པོའི་མཚོ་དམག་གི་བྱེད་སྒོས་རྒྱ་མཚོའི་ལས་དབང་གཅིག་མཐུན་མ་ལག་གཏོད་ཅེས་པའི་བརྗོད་བྱ་གཙོ་བོའི་མཐོ་རིམ་ཞིབ་བསྡུར་ཚོགས་འདུ་ཚོགས་རྒྱུ་ཡིན་པས་ཚང་མས་བློ་བསྡུས་དགེ་འཚོལ་དང་མཐུན་མོང་གི་ངོས་འཛིན་ཤུགས་ཆེར་བཏང་ནས་ཧུར་རྩོན་ཆེན་པོས་རྒྱ་མཚོའི་ལས་དབང་གཅིག་མཐུན་མ་ལག་སྒྲུབ་རྒྱུར་རིག་སྟོབས་ལེགས་སྐྱེས་སུ་འབུལ་དགོས་པའི་ཐུགས་རེ་གནང་ཡོད་པ་རེད།
          ཐེ་ལན་མཚོ་དམག་གི་དམག་སྤྱི། མཚོ་དམག་གི་ཧྲང་ཅང་དམག་དཔོན་ལེ་ཚའེ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མཚོ་དམག་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འཁོར་བའི་རྒྱལ་ཁབ་མང་པོའི་མཚོ་དམག་གི་བྱེད་སྒོར་ཞུགས་པར་ཕེབས་པའི་རྒྱལ་ཁབ་ཁག་གི་འཐུས་མི་ཚོགས་པའི་ཚོགས་གཙོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛད་བྲེལ་ལ་མ་ལྟོས་པར་འཇལ་འཕྲད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འཁོར་བར་སྤྲོ་སེམས་འཁོལ་པོའི་ངང་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་སྲིད་གཞུང་དང་དམག་དཔུང་། མཚོ་དམག་བཅས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱ་མཚོའི་ལས་དབང་གཅིག་མཐུན་མ་ལག་ཚུད་པའི་ཕྱོགས་ཁག་གི་ཐད་ཕུལ་བའི་ལེགས་སྐྱེས་དང་འབད་བརྩོན་ལྷོད་མེད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་རྒྱ་མཚོའི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་དང་གྲོས་འགོས་རྒྱལ་ཁབ་ཁག་གི་མཚོ་དམག་གི་ལག་གདང་སྦྲེལ་བའི་མཉམ་ལས་ལ་སྐུལ་འདེད་ཐེབས་རྒྱུ་དང་། རྒྱ་མཚོའི་ཞི་བདེ་དང་དར་རྒྱས་ལ་སྲུང་སྐྱོང་ཐུབ་རྒྱུར་དུས་རབས་ཀྱི་ལེགས་སྐྱེས་འབུལ་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།
          མཇལ་འཛོམས་མ་གནང་གོང་ཞི་ཅིན་ཕིང་གིས་མཚོ་དམག་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འཁོར་བའི་རྒྱལ་ཁབ་མང་པོའི་མཚོ་དམག་བྱེད་སྒོའི་ཕྱི་རྒྱལ་གྱི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་མཉམ་དུ་སྐུ་པར་བསྒྲོན་ཡོད་པ་རེད།
          ཞུས་ཆི་ལིའང་དང་། ཏིང་ཞུའེ་ཞང་། ཝེ་ཧྥེང་ཧོ། ཝང་དབྱི་སོགས་མཇལ་འཛོམས་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།
རྩོམ་སྒྲིག་པ། རིན་ཆེན།