ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལོ་ངོ་དྲུག་ཅུའི་རླབས་ཆེན་གྱི་འཕོ་འགྱུར་བཀོད་པའི་《བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60ལོན་པའི་མུ་འབྲེལ་དཔེ་དེབ》བོད་ལྗོངས་ནས་རྩོམ་སྒྲིག་བྱས་ཏེ་པར་དུ་བསྐྲུན།

སྤེལ་དུས 2019-05-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།

དཔེ་དེབ་འགྲེམ་སྤེལ་ཡུལ་དངོས།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། 2019ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60ལོན་པའི་ལོ་ཡིན་པས། ལོ་ངོ་དྲུག་ཅུའི་མཚར་སྡུག་གི་བརྒྱུད་རིམ་དང་རླབས་ཆེན་གྱི་གྲུབ་འབྲས་འགོད་ཆེད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་ཟླ་5པའི་ཚེས་22ཉིན་“བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60ལོན་པའི་མུ་འབྲེལ་དཔེ་དེབ་འགྲེམ་སྤེལ་ཚོགས་འདུ་དང་བོད་འབྲེལ་དཔེ་དེབ་པར་སྐྲུན་འགྲེམ་སྤེལ་བགྲོ་གླེང་ཚོགས་འདུ།” ལྷ་ས་ནས་འཚོགས།
          རྒྱུས་ལོན་པ་ལྟར་ན། 《བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60ལོན་པ》ཞེས་པའི་དཔེ་ཚོགས་ཆེན་མོ་ལས་《ཆོས་ལུགས་དེབ》དང་《དམངས་འཚོའི་དེབ》ནི་ད་ལྟ་དངོས་སུ་པར་སྐྲུན་བྱུང་ཡོད་ལ།《ཆབ་སྲིད་དེབ》དང་《རིག་གནས་དེབ》《སྐྱེ་ཁམས་ཁོར་ཡུག་དེབ》བཅས་པར་སྐྲུན་བྱེད་བཞིན་པའི་སྒང་ཡིན།  དེ་མིན་གྱི་དེབ་གཞན་དག་གི་མ་ཟིན་ཡང་ཡར་སྤྲད་ཚར་ནས། ད་ལྟ་ཞིབ་ཚགས་ཀྱི་པར་སྒྲིག་དང་དག་བཅོས་བྱེད་པའི་བརྒྱུད་རིམ་ལ་སླེབས་ཡོད། ད་ལོའི་ཟླ་9པར་ཆ་ཚང་པར་དུ་བསྐྲུན་རྒྱུའི་འཆར་གཞི་ཡོད། 
བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60ལོན་པའི་མུ་འབྲེལ་དཔེ་དེབ།
          ཐེངས་འདིར་འགྲེམ་སྤེལ་བྱས་པའི་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60ལོན་པའི་རྗེས་དྲན་གྱི་མུ་འབྲེལ་དཔེ་དེབ་ཁྲོད་དུ།  《གངས་ལྗོངས་ཀྱི་རི་ཆུ་དང་བོད་མི》《ཧི་མ་ལ་ཡའི་བཙོན་མ》《ལྷ་སའི་བརྙན་ཤུལ》《དམག་སྤྱིའི་ཁྱིམ་སྲོལ》《རྩྭ་ཐང་སྟེང་གི་རལ་རྒན》《ཁེ་གསུམ་གྲོང་ཚོའི་ལོ་ངོ་དྲུག་ཅུ》《ཡུལ་སྨད་ཤང》བཅས་དེབ་བདུན་ཡོད། དེ་རུ་པར་རིས་དང་ཡིག་ཆའི་རྒྱུ་ཆ་རྩ་ཆེན། རྣམ་ཐར། ཡུལ་བཤད་ཟིན་ཐོ་སོགས་འདུས་ཡོད་ལ། མཐོང་སྣེ་མང་པོ་དང་ཕྱོགས་སོ་སོ་ནས་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60ལོན་པའི་རླབས་ཆེན་གྱི་འཕོ་འགྱུར་མངོན་པར་མཚོན་ཡོད།
          དེ་ལས་《གངས་ལྗོངས་ཀྱི་རི་ཆུ་དང་བོད་མི》ཞེས་པ་རུ་ཀུ་རེ་རྩེད་འཚར་གྱི་རྣམ་པས་བོད་ལ་བཅོས་སྒྱུར་སྒོ་འབྱེད་བྱས་པའི་བརྒྱུད་རིམ་ཁྲོད་ཀྱི་མི་ཕལ་བའི་དགོད་བྲོ་བའི་དོན་དག་བཀོད་ནས། དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུ་པའི་རྗེས་ཀྱི་བོད་ཀྱི་སྤྱི་ཚོགས་འཚོ་བའི་འཕོ་འགྱུར་དང་འཕེལ་རྒྱས་སྐོར་གྱི་མཐོང་སྣེ་གཞན་ཞིག་ཀློག་པ་པོའི་སྤྱན་ལམ་དུ་བཀྲམས་ཡོད།《ཧི་མ་ལ་ཡའི་བཙོན་མ》ཞེས་པར་བཀོད་པ་ནི་བོད་སྤྱི་ཚོགས་རྙིང་པའི་ཞིང་བྲན་གྱི་ཡ་ང་བའི་འཚོ་བའི་སྐོར་ཡིན། 《ལྷ་སའི་བརྙན་ཤུལ》ཞེས་པར་བོད་ཀྱི་ཆེས་ཐོག་མའི་དེང་རབས་ཅན་གྱི་སྨན་ཁང་བཙུགས་པའི་སྐོར་བཀོད་ཡོད། 《དམག་སྤྱིའི་ཁྱིམ་སྲོལ》ནང་དུ་འཕྲིན་ཡིག་གི་རྣམ་པས་མི་རབས་གཉིས་ཀྱིས་དམར་པོའི་ཁྱིམ་སྲོལ་རྒྱུད་འཛིན་དང་བོད་ལྗོངས་འཛུགས་སྐྲུན་བྱས་པའི་སྐོར་མཚོན་ཡོད། 《རྩྭ་ཐང་སྟེང་གི་རལ་རྒན》ཞེས་པར་སྒྱུ་རྩལ་འཁྱམ་པོ་ཞིག་མི་དམངས་ཀྱི་སྒྱུ་རྩལ་པར་ཆགས་པའི་བརྒྱུད་རིམ་བརྗོད་ཡོད་ལ། དེ་རུ་ཕུན་སུམ་ཚོགས་པའི་གཏམ་རྒྱུད་དང་མཐོང་སྣེ་མི་འདྲ་བ་མང་པོའི་སྒོ་ནས་ཀློག་པ་པོར་ལོ་ངོ་དྲུག་ཅུའི་རིང་གི་བོད་ལྗོངས་མི་སེར་གྱི་གམ་དུ་བྱུང་བའི་དོན་དག་སྣ་ཚོགས་བརྗོད་ཡོད། 《ཁེ་གསུམ་གྲོང་ཚོའི་ལོ་ངོ་དྲུག་ཅུ》ཞེས་པར་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་པའི་གྲོང་ཚོ་དང་པོའི་ལོ་རྒྱུས་འཕོ་འགྱུར་བཀོད་པ་བརྒྱུད་ནས་བོད་ལྗོངས་ཀྱི་ལོ་ངོ་དྲུག་ཅུའི་འཕེལ་རྒྱས་གསོན་ཉམས་ལྡན་པར་འགྲེལ་བརྗོད་བྱས་ཡོད།《ཡུལ་སྨད་ཤང》ཞེས་པའི་ནང་དུ་པར་ཡིག་སྤེལ་མའི་སྒོ་ནས་ཀྲུང་གོ་དང་ཧིན་རྡུའི་མཐའ་མཚམས་ཀྱི་རང་རྒྱལ་གྱི་ཆེས་ཆུང་བའི་ཤང་སྲིད་གཞུང་སྟེ། བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་ལོ་རྒྱུས་འཕོ་འགྱུར་དང་། དབྱར་མཚོ་རྒྱས་པ་ནང་བཞིན་གྱི་འཕེལ་འགྱུར་དང་རེ་བས་ཁེངས་པའི་བདེ་སྐྱིད་ཀྱི་མ་འོངས་པ་བཅས་ངོ་སྤྲོད་གནང་ཡོད།
སྐུ་མགྲོན་རྣམ་པས་བོད་འབྲེལ་དཔེ་དེབ་པར་སྐྲུན་འགྲེམ་སྤེལ་ཡུལ་དངོས་སུ་བགྲོ་གླེང་གནང་བཞིན་པ། 
          ཐེངས་འདིར་འགྲེམས་སྤེལ་བྱས་པའི་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60ལོན་པའི་རྗེས་དྲན་གྱི་མུ་འབྲེལ་དཔེ་དེབ་ཐད་ལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་འགོ་གཙོ་ཧུང་ཐའོ་ཡིས“མི་སེར་ཕལ་བའི་གཏམ་རྒྱུད་བརྗོད་པའི་རྣམ་པ་བརྒྱུད་དེ། བོད་ཀྱི་ལོ་ངོ་དྲུག་ཅུའི་རིང་གི་འཕོ་འགྱུར་ཆེན་པོ་མཚོན་ཡོད”ཅེས་ཟེར།
སྐུ་མགྲོན་རྣམ་པས་བོད་འབྲེལ་དཔེ་དེབ་པར་སྐྲུན་འགྲེམ་སྤེལ་ཡུལ་དངོས་སུ་བགྲོ་གླེང་གནང་བཞིན་པ། 
          འབྲི་མོའི་གཡེར་ཁ་སི་ལི་ལི། འདི་ནི་འཕོ་འགྱུར་ཆེ་བའི་བོད་ལྗོངས་རེད། གངས་རི་དང་ཆུ་ཕྲན། འདི་ནི་ལྷིང་འཇགས་ཀྱི་བོད་ལྗོངས་རེད།……“བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60ལོན་པའི་མུ་འབྲེལ་དཔེ་དེབ”ཁྲོད་ཀྱི་ཡིག་འབྲུ་རེ་རེས་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60ལོན་པའི་ལོ་རྒྱུས་མཚོན་པ་དང་། པར་རིས་རེ་རེའི་སྟེང་ནས་བོད་ཀྱི་མི་ཆོས་ཀྱི་མཛེས་པ་མངོན་ཡོད། མུ་འབྲེལ་དཔེ་དེབ་འདིའི་པར་སྐྲུན་ལས། ཕྱོགས་ཡོངས་དང་གསོན་ཉམས་ལྡན་པའི་སྒོ་ནས་བོད་ལྗོངས་ཀྱི་ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་བརྗོད་ཡོད་ཅིང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་པའི་རླབས་ཆེན་གྱི་བརྒྱུད་ལམ་མཚོན་ཡོད། ཕྱོགས་ཡོངས་དང་མཐོང་སྣེ་མང་པོའི་སྒོ་ནས་ལོ་ངོ་60འདིའི་རིང་གི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་འཚོ་བའི་རྣམ་པ་མངོན་ཡོད།
          “བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60ལོན་པའི་མུ་འབྲེལ་དཔེ་དེབ”ཀྱིས་འཛམ་གླིང་གིས་བོད་ལ་རྒྱུས་ལོན་བྱེད་པ་དང་། བོད་ལ་ཞིབ་འཇུག་བྱེད་པར་མཐོང་སྣེ་གསར་པ་ཞིག་སྦྱིན་ཡོད་ལ། དེ་ནི་འཛམ་གླིང་གིས་བོད་ལ་ཤེས་རྟོགས་བྱེད་པའི་སྒེའུ་ཁུང་གསར་པ་ཞིག་ཀྱང་རེད།