ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་ཧྲེང་པི་ཏེ་པའོ་ཡི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྐབས་ཉེར་གསུམ་པའི་ཚང་འཛོམས་གྲོས་ཚོགས་ལ་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ།

སྤེལ་དུས 2019-06-10 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
             ཟླ་6ཚེས་7ཉིན། ཧྲེང་པི་ཏེ་པའོ་ཡི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྐབས་ཉེར་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཧྲེང་པི་ཏེ་པའོ་རུ་འཚོགས་པ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། པུར་ཀ་རི་ཡའི་ཙུང་ཐུང་ལ་ཏེ་ཕུའུ། ཨར་མེ་ཉི་ཡའི་ཙུང་ལི་ཧྥ་ཤིས་ཉི་དབྱང་། སི་ལོ་ཝ་ཁེ་ཡའི་ཙུང་ལི་ཧྥེ་ལེ་ཀོ་ལི་ཉི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་སོགས་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས《རྒྱུན་མཐུད་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་དེ་བས་དར་རྒྱས་དང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་ཤིས་ཚིག་གསུངས་བཞིན་པ།
             ཚེས་7ཉིན། ཧྲེང་པི་ཏེ་པའོ་ཡི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྐབས་ཉེར་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཧྲེང་པི་ཏེ་པའོ་རུ་འཚོགས་པ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། པུར་ཀ་རི་ཡའི་ཙུང་ཐུང་ལ་ཏེ་ཕུའུ། ཨར་མེ་ཉི་ཡའི་ཙུང་ལི་ཧྥ་ཤིས་ཉི་དབྱང་། སི་ལོ་ཝ་ཁེ་ཡའི་ཙུང་ལི་ཧྥེ་ལེ་ཀོ་ལི་ཉི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་སོགས་ཕེབས་ཡོད་པ་རེད།
             ཞི་ཅིན་ཕིང་གིས《རྒྱུན་མཐུད་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་དེ་བས་དར་རྒྱས་དང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་ཤིས་ཚིག་གསུངས་ཤིང་། ཁོང་གིས་འཛམ་གླིང་ལ་ལོ་བརྒྱའི་ནང་བྱུང་མྱོང་མེད་པའི་འཕོ་འགྱུར་ཆེན་པོའི་མདུན་དུ་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་སྒོ་དབྱེ་སྣ་མང་གི་འཛམ་གླིང་དཔལ་འབྱོར་གཏོད་པ་དང་། ཀུན་ཕན་བསྟུན་མཁས་ཀྱི་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་སྐྲུན་པ། མི་དང་རང་བྱུང་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྱོང་ལ་གཞོལ་བ་བཅས་ཀྱིས་ལག་གདང་སྦྲེལ་ཏེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་གཏོད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
             ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་རེད། འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དང་འགན་འཁྲི་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོའི་ངོས་ནས་ཀྲུང་གོས་སྔ་ཕྱི་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཁས་ལེན་ལག་བསྟར་བྱས་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། 2013ལོར། ངས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ཡོད། དེའི་དམིགས་ཡུལ་ནི་རྒྱལ་ཁབ་ཁག་དབར་གཉིས་ཁེ་གཉིས་ཕན་དང་མཉམ་དུ་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེ་རེད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གཉིས་དམིགས་ཚད་དང་། རྩ་དོན། ལག་བསྟར་ལམ་བུ་བཅས་ཀྱི་ཐད་ཚད་མཐོའི་གཅིག་མཐུན་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དང་ལེན་དང་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད། འདི་ལོའི་ཟླ་4པར། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་པེ་ཅིང་དུ་བདེ་བླག་ངང་གཉེར་བ་དང་། ཕྱོགས་ཁག་གིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་ནས་ལྗང་མདོག་དང་། ཐཱན་ཉུང་། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་ལམ་དུ་སྐྱོད་པར་མགྲིན་གཅིག་ཏུ་མོས་མཐུན་གནང་ཡོད་ཅེས་ནན་བཤད་གནང་བ་རེད།
             ཞི་ཅིན་ཕིང་གིས་ཨུ་རུ་སུ་ནི་ཀྲུང་གོས་ཁྱབ་ཁོངས་ཁག་གི་མཉམ་ལས་བྱེད་སྐབས་སྔོན་ལ་འཇོག་པའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་རེད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཙུང་ཐུང་ཕུའུ་ཅིང་གིས་གྲོས་འགོ་བཏོན་གནང་བའི“ཡོ་རོབ་དང་ཨེ་ཤེ་ཡ་ཆེ་མོའི་རོགས་ཟླའི་འབྲེལ་བའི”འདུ་ཤེས་མཐུན་གྱི་ཡོད། གྲོས་འགོ་འདི་གཉིས་ཕན་ཚུན་རྒྱབ་སྐྱོར་དང་། ཕན་ཚུན་སྐུལ་འདེད། འགལ་མེད་མཉམ་གནས་བཅས་བྱ་ཆོག་པས་ས་ཁོངས་དཔལ་འབྱོར་མཉམ་འདྲེས་ལ་སྐུལ་འདེད་ནུས་ལྡན་ཐུབ་ནས་ཐུན་མོང་གི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་རྒྱུ་རེད་ཅེས་མཛུབ་སྟོན་གནང་བ་རེད།
             ཞི་ཅིན་ཕིང་གིས་རྒྱུན་མཐུད་འཕེལ་རྒྱས་ནི་འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བའི་ཐུན་མོང་གི་རེ་འདུན་དང་མཐུན་གྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་གཏོད་འདོད་ཡོད།
             དང་པོ། ང་ཚོས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་མཐའ་འཁྱོངས་ཀྱིས་སྒོ་དབྱེ་སྣ་མང་གི་འཛམ་གླིང་དཔལ་འབྱོར་གྱི་མཉམ་ཤུགས་གཏོད་དགོས། ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཁྲོམ་རའི་ཞུགས་འཐུས་ལྷུག་ཏུ་བཏང་སྟེ་དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་གཏོད་ཀྱི་ཡིན། ང་ཚོས་དར་ཆ་གསལ་སྟོན་ངང་དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས་ཕྱོགས་མང་ཚོང་དོན་སྒྲིག་གཞིར་སྲུང་སྐྱོང་བྱེད་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་དོ་སྙོམས་མེད་པ་དང་འདྲ་མཉམ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ལ་གཞོལ་ཏེ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་གོ་སྐབས་དེ་བས་མང་བ་སྐྲུན་གྱི་ཡིན། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་5Gལག་རྩལ་ཚུད་པའི་མཐོ་གསར་ཚན་རིག་གི་ཞིབ་འཇུག་གྲུབ་འབྲས་མཉམ་དུ་སྤྱད་ནས་ལྟེ་བའི་འགྲན་རྩོད་ནུས་པ་གསར་པ་སྐྱེད་སྲིང་བྱེད་འདོད་ཡོད།
             གཉིས་པ། ང་ཚོས་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཀུན་ཕན་བསྟུན་མཁས་ཀྱི་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་འཛུགས་སྐྱོང་ལ་འབད་བརྩོན་བྱེད་དགོས། ཀྲུང་གོས་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་མུ་མཐུད་ཡག་པོ་བརྒྱབ་ནས་ལས་ཞུགས་གསར་པ་མང་དུ་ཧུར་ཐག་གཏོང་བ་དང་། ལས་རིགས་སློབ་གསོར་འདེགས་སྐྱོར་ཤུགས་ཆེན་བྱེད་པ། དང་བླངས་ཞབས་ཞུ་དང་དགེ་སྒྲུབ་བྱ་གཞག་སྐྱོན་བྲལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱས་ནས་ཉམས་ཞན་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་ཀྱི་ཡིན། ང་ཚོས་རྒྱལ་ཁབ་ཁག་དང་མཉམ་དུ་དབུལ་པོ་ཉུང་དུ་གཏོང་བ་དང་སྤྱི་ཚོགས་འགན་སྲུང་སོགས་ཀྱི་ཐད་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་དེ་བས་ཆེ་བ་འཐོབ་པར་བྱེད་འདོད་ཡོད།
             གསུམ་པ། ང་ཚོས་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་མི་དང་རང་བྱུང་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྱོང་ལ་གཞོལ་དགོས། ང་ཚོས་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཛིན་བྱས་ནས་གནམ་སྔོན་དང་། ཆུ་དྭངས། ས་གཙང་བཅས་སྲུང་སྐྱོང་བྱེད་པའི་དམག་འཐབ་ཆེན་པོ་གསུམ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ལྕག་གཏོང་བ་དང་། བསྐྱར་སྐྱེས་ཆོག་པའི་ནུས་རྒྱུ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ནུས་རྒྱུ་བསྲི་ཚགས་ལེགས་བསྡུས་དང་རེས་འཁོར་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་ཆབས་ཅིག ཕྱོགས་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ལ་ཁ་གཏད་བཅག་ནས། 《ཕ་རི་སིའི་གྲོས་ཆོད》སོགས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
             ཞི་ཅིན་ཕིང་གིས་ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དེང་གི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་རེད། མིའི་རིགས་ཀྱི་ལས་དབང་ད་ཆ་བཞིན་མཉམ་འབྲེལ་དམ་ཟབ་འབྱུང་མྱོང་མེད་ལ། རྒྱལ་ཁབ་ཁག་གི་ཁེ་ཕན་ཡང་ད་ཆ་བཞིན་མཉམ་འདྲེས་ཟབ་མོ་འབྱུང་མྱོང་མེད། རྒྱལ་སྤྱིའི་སྤྱི་ཚོགས་ལ་འཕྲད་པའི་གྲོས་བསྡུར་བྱ་གཞི་གསར་པ་དང་འགྲན་སློང་གསར་པ་ཡང་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད། མིའི་རིགས་སླར་ཡང་ལོ་རྒྱུས་ཀྱི་བཞི་མདོར་གནས་ཡོད། རྒྱུན་མཐུད་འཕེལ་རྒྱས་ནི་མིག་སྔའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པའི“གསེར་གྱི་ལྡེ་མིག”ལྟ་བུ་ཡིན་ཞིང་། ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་ལག་གདང་སྦྲེལ་ནས་འབད་བརྩོན་གྱིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཛིན་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འགན་འཁྲི་འཁུར་བ། ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ། གོ་ལ་ཧྲིལ་པོ་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཐུན་མོང་ཐོག་སའི་གོ་ལ་གྲོང་ཚོའི་ཡུན་རིང་ཞི་བདེ་ལྷིང་འཇགས་ལ་སྐུལ་འདེད་གཏོང་བ་དང་། མཉམ་དུ་དེ་བས་དར་རྒྱས་དང་མཛེས་སྡུག་ལྡན་པའི་འཛམ་གླིང་གཏོད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
             ཕུའུ་ཅིང་གིས་མིག་སྔར་འཛམ་གླིང་གི་དུས་བབ་སེམས་ཁྲལ་བྱེད་འོས་པ་ཞིག་ཡོད། 2008ལོའི་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ཐོན་ཚུན། འཛམ་གླིང་དཔལ་འབྱོར་གྱི་གྲུབ་ཆའི་རང་བཞིན་གྱི་གནད་དོན་རྩ་བ་ནས་ཐག་གཅོད་ཐུབ་མེད། འཛམ་གླིང་དཔལ་འབྱོར་འཕར་བའི་ནང་སྐྱེས་སྒུལ་ཤུགས་རྒྱལ་སྤྱིའི་ཚོང་དོན་གྱི་ཕན་ནུས་ཆུང་དུ་ཕྱིན་ནས་སྲུང་སྐྱོང་རིང་ལུགས་པ་ཐོན་ཡོད། གསར་དར་ཁྲོམ་རའི་རྒྱལ་ཁབ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་འཛམ་གླིང་དཔལ་འབྱོར་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་པར་དམིགས་ནས། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གཅིག་གིས་ཚོང་དོན་འཁྲུག་རྩོད་སློང་བ་དང་། དངུལ་རྩའི་བཙན་དབང་སྤྱོད་པ། ཕྱོགས་རྐྱང་པའི་བཀག་སྡོམ་བྱེད་པ། བདག་སྤྲོད་བྱེད་ལག་གང་སར་རྐྱོང་བ། རྒྱུན་གཏན་གྱི་སློབ་གསོ་རིག་གཞུང་སྤེལ་རེས་ལ་བཀག་འགོག་སོགས་ཚུལ་མིན་གྱི་བྱེད་ཐབས་སྤྱད་དེ་གནོན་གང་ཐུབ་བྱེད་ཀྱི་ཡོད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་རེ་གཉིས་ཀྱིས་ཀྲུང་གོའི་ཧྭ་ཝེ་ཀུང་སི་གནོན་པ་འདི་ནི་དཔེ་མཚོན་གྱི་བདེན་དཔང་ཞིག་རེད་ཅེས་གསུངས། ཕུའུ་ཅིང་གིས་འཛམ་གླིང་ཐོག་རྒྱལ་ཁབ་ཚང་མར་འཚམ་པའི་འཕེལ་རྒྱས་གཏོང་སྟངས་ཤིག་མེད་པས། རྒྱལ་ཁབ་ཚང་མར་རང་ངོས་འཕེལ་རྒྱས་གཏོང་ཐབས་འདེམས་པའི་དབང་ཆ་ཡོད། རྒྱལ་ཁབ་སུ་ཞིག་ལ་ཡང་རང་ཉིད་ཀྱི་འདོད་བློ་རྒྱལ་ཁབ་གཞན་ལ་བཙན་སྦྱོར་བྱེད་པའི་དབང་ཆ་མེད། འདྲ་མཉམ་མིན་པའི་རྒྱལ་སྤྱིའི་སྒྲིག་ལམ་བརྟན་པོ་དང་རྒྱུན་མཐུད་ཡོང་ཐབས་མེད། དེར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གྱི་རྨང་གཞིའི་ཐོག་རྒྱལ་སྤྱིའི་སྒྲིག་ལམ་གསར་པ་འཚོལ་ཞིབ་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་གནས་བབ་ལ་བརྩི་འཇོག་ཧུར་ཐག་བྱས་ཏེ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་ཁེ་དབང་ལ་སྲུང་སྐྱོང་གང་ལེགས་བྱེད་དགོས། ཨུ་རུ་སུས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཕན་ཚུན་མཐུན་སྒྲིལ་བྱས་ནས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་འདོད་ཡོད་ནན་བཤད་གནང་བ་རེད།
             ཕན་ཚུན་སྤེལ་རེས་བྱེད་སྐབས། ད་དུང་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོ་ཅན་ལས་ལྡོག་པ་དང་། “རྒྱུད་གཅིག་ལམ་གཅིག”གི་མཉམ་སྐྲུན། ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་མཚོན་ཆ་མེད་པར་བཟོ་བ་སོགས་ཀྱི་ཐད་ཚང་འཛོམས་གྲོས་ཚོགས་ཀྱི་གཙོ་སྐྱོང་བའི་དྲི་བར་ལན་བསྐྱོན་པ་རེད།
             ཞི་ཅིན་ཕིང་གིས་གསུངས་དོན། གོ་ལ་ཧྲིལ་པོ་ཅན་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་རེད། ཀྲུང་གོ་ནི་གོ་ལ་ཧྲིལ་པོ་ཅན་འབོད་སྐུལ་བྱེད་མཁན་དང་སྲུང་སྐྱོང་བྱེད་མཁན་བརྟན་ཤོས་གྲས་ཤིག་རེད། མིག་སྔར་འཛམ་གླིང་ཐོག་གོ་ལ་ཧྲིལ་པོ་ཅན་ལས་ལྡོག་པའི་འགྲོ་ཕྱོགས་ཁག་གཅིག་ཐོན་པ་དག་ནི་གོ་ལ་ཧྲིལ་པོ་ཅན་གྱི་རླབས་རྒྱུན་ཁྲོད་འཕྱུར་བའི་རྦ་རླབས་ཀྱི་ཟེགས་མ་ཙམ་ཡིན་པས་གོ་ལ་ཧྲིལ་པོ་ཅན་གྱི་རྦ་རླབས་ཆེན་པོ་འགོག་མི་ཐུབ། གོ་ལ་ཧྲིལ་པོ་ཅན་ལ་གནད་དོན་ཁག་གཅིག་ཐོན་པར་འཇིགས་སྣང་བྱེད་དགོས་དོན་མེད། ཨིག་བུ་བརྒྱབ་པས་ཟས་སྤང་རྒྱུ་མེད་ལ། འགྲིག་མ་འགྲིག་ཙམ་གྱིས་སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས་ཀྱི་བྱ་ཐབས་སྤྱོད་པ་དང་རང་ཉེས་གཞན་འགེལ་གྱི་སྒེར་སེམས་ཆེ་བའི་བྱ་ཐབས་སྤྱོད་རྒྱུའང་མེད། ང་ཚོས་གོ་ལ་ཧྲིལ་པོ་ཅན་ལ་ཐོན་པའི་གནད་དོན་ནི་གོ་ལ་ཧྲིལ་པོ་བཅོས་སྒྲིག་རྗེས་ལུས་ཐེབས་པ་ལས་བྱུང་བ་ཞིག་ཡིན་པ་ངོས་འཛིན་ཐུབ་པར་བྱེད་དགོས། གནད་དོན་འདི་དག་ཐག་གཅོད་བྱེད་པར་སྒོ་དབྱེ་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་དང་ཕྱོགས་མང་གི་ཚོང་དོན་ལམ་ལུགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། ང་ཚོས་སྔ་བསྐྱུར་གསར་འཛུགས་བྱ་རྩིས་མེད་པར་ད་ཡོད་ཀྱི་རྒྱལ་སྤྱིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྩིས་ཡོད། གཞུང་དྲང་འདྲ་མཉམ་རྨང་གཞིར་བཟུང་སྟེ་ཕྱོགས་མང་སྒྲིག་གཞིའི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་བཏང་ནས་བཅོས་སྒྲིག་སྒྲོམ་གཞི་དང་ཁེ་ཕན་བགོ་འགྲེམ་དེ་བས་དོ་སྙོམས་ལུགས་མཐུན་ཡོང་བ་བྱེད་ཀྱི་ཡིན། ཕན་ཚུན་བརྩི་འཇོག་གི་རྣམ་འགྱུར་འཛིན་པ་དང་རྒྱལ་ཁབ་ཁག་གི་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་འགྲོ་ལམ་ལ་བརྩི་འཇོག་བྱས་ཏེ་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་དང་མི་མཐུན་ས་ཐག་གཅོད་འོས་འཚམ་བྱེད་ཀྱི་ཡིན།
             ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འཛུགས་སྐྲུན་པ་ཞིག་བྱེད་རྩིས་ཡོད་པ་ལས་གཏོར་བཤིག་གཏོང་མཁན་ཞིག་བྱེད་རྩིས་མེད་ལ། འབྲེལ་ཟམ་འཛུགས་མཁན་ཞིག་བྱེད་རྩིས་ཡོད་པ་ལས་ས་དོང་འདྲུ་མཁན་ཞིག་བྱེད་རྩིས་མེད། ང་ཚོས་རང་ཉིད་ཀྱི་གྲོགས་ཚོགས་ཁྱབ་ཆེ་རུ་གཏོང་གང་ཐུབ་བྱེད་ཀྱི་ཡོད། ཀྲུང་ཨུ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་རེད། ཀྲུང་གོ་དང་ཨེ་ཤེ་ཡ་དང་། ཡོ་རོབ་མནའ་འབྲེལ། ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་། ལྷོ་ཞི་བདེ་རྒྱ་མཚོ་བཅས་ཀྱི་རྒྱལ་ཁབ་དབར་མཉམ་ལས་ཀྱི་རོགས་ཟླར་གྱུར་ཡོད། ཀྲུང་གོ་དང་ཨ་རིའི་དབར་འགྲོ་འོང་མང་པོ་བྱེད་པ་དང་ཁེ་ཕན་མཉམ་འདྲེས་བྱས་ཡོད་པས་འབྲེལ་ཐག་གཅོད་ཀྱི་ཡིན་ཟེར་བ་བསམ་ཡུལ་ལས་འདས་པ་ཞིག་རེད། འདི་ནི་ཨ་རི་ཕྱོགས་ཀྱི་ལས་རིགས་ཁག་གིས་མཐོང་འདོད་པ་ཞིག་གཏན་ནས་ཡིན་མི་སྲིད།
             ཞི་ཅིན་ཕིང་གིས་གསུངས་དོན། “རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པའི་གྲོས་འགོ་བཏོན་ནས་ལོ་6ཙམ་སོང་རིང་། ཕྱོགས་ཁག་གིས་དང་ལེན་དང་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་དེར་ཞུགས་མཁན་ལོ་རྒྱུས་ཐོག་གི“རྒྱུད་གཅིག་ལམ་གཅིག”གི་ཁྱབ་ཁོངས་ལས་ཆེས་ཆེར་བརྒལ་ཡོད་པ་ལས་གྲོས་འགོ་འདིར་གོང་བུ་སྒྲིལ་ཤུགས་ཆེན་པོ་ལྡན་པ་ཞིག་ཡིན་པ་ལས། ཀྲུང་གོ་གཅིག་པུའི་འདུན་པ་ཞིག་གཏན་ནས་མིན་པ་ར་སྤྲོད་གང་ལེགས་བྱེད་ཐུབ། “རྒྱུད་གཅིག་ལམ་གཅིག”གིས་མཉམ་དུ་གྲོས་བསྡུར་དང་། འཛུགས་སྐྲུན། ལོངས་སྤྱོད་བཅས་མཐའ་འཁྱོངས་དང་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱེད་ཀྱི་ཡོད་མ་གཏོགས་མི་ཁག་གཅིག་གིས་བརྗོད་པའི་དེང་རབས་ཀྱི་མཱ་ཤེ་ཨར་འཆར་གཞི་ཟེར་བ་གཏན་ནས་མ་རེད། “རྒྱུད་གཅིག་ལམ་གཅིག”ནི་ཀྲུང་གོའི་མི་སེར་སྤེལ་བའི་འཆར་གཞི་ཟེར་བ་གཏན་ནས་མ་རེད། ང་ཚོས་རྒྱལ་ཁབ་གཞན་དག་ལ་མི་སེར་སྤེལ་བའི་ལོ་རྒྱུས་འབྱུང་མྱོང་མེད། ང་ཚོས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་རང་ཉིད་ཀྱི་བྱ་བ་སྒྲུབ་པ་དང་ཆབས་ཅིག“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་འབད་བརྩོན་བྱེད་ཀྱི་ཡོད། ཕུགས་བསམ་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དེ་བས་ཁྱབ་ཆེ་བའི་ཐུན་མོང་གི་ངོས་འཛིན་ཐོབ་པ་དང་དེའང་མངོན་འགྱུར་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད།
             ཞི་ཅིན་ཕིང་གིས་གསུངས་དོན། ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁྲའོ་ཞན་དང་ཨ་རི་ཕྱོགས་གཉིས་པོའི་དབར་སྐད་ཆ་ཤོད་རེས་བརྒྱུད་ཕན་ཚུན་ཡིད་ཆེས་ཐོབ་པའི་ལྕག་སྐུལ་མུ་མཐུད་བྱས་ཏེ་སོ་སོའི་དོ་ཁུར་བྱེད་ས་ཐག་གཅོད་ཐུབ་པ་དང་ཕྱེད་གླིང་གི་གནད་དོན་ཐག་གཅོད་འོས་འཚམ་ཐོབ་པར་མཉམ་དུ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་བར་འདུམ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་ཧུར་ཐག་གཞོལ་ནས་ཕྱེད་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་ཀྱི་ཡིན།
             ཕུའུ་ཅིང་གིས་སྤེལ་རེས་བྱེད་པའི་ལྷུ་ཚིགས་ཐོག་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དང་མཐུན་སྦྱོར་མཉམ་ལས་ཟབ་མོ་བྱས་པར་སླར་ཡང་བསྔགས་བརྗོད་བྱས་ཏེ་ཨུ་ཀྲུང་ནི་འཐབ་ཇུས་ཀྱི་རོགས་ཟླ་རེད། རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་འདྲ་མཉམ་མཐའ་འཁྱོངས་བྱས་པའི་རྨང་གཞིའི་ཐོག་ཕྱོགས་གཉིས་པོའི་འབྲེལ་བར་སྐུལ་འདེད་བཏང་ནས་གཉིས་ཁེ་མཉམ་ལས་ཀྱི་མདུན་ལམ་དེ་བས་ཡངས་སུ་སོང་བ་དང་རྒྱལ་སྤྱིའི་ལས་དོན་གྱི་མཉམ་ལས་ལའང་ཕན་འབྲས་ཐོན་ཡོད་ཅེས་བརྗོད།
རྩོམ་སྒྲིག་པ། སངས་སྐྱབས།