ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་སའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་པེ་ཅིང་དུ་ཕྱིན་ནས་རིན་མེད་སྨན་བཅོས་དང་ལེན་བྱས།

སྤེལ་དུས 2019-06-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ6པའི་ཚེས11ཉིན་གྱི་ཕྱི་དྲོ།  བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བསམ་འཕེལ་ཤང་གམ་པ་གྲོང་ཚོའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་བསྟན་འཛིན་མགོན་སྐྱིད་ཁྱིམ་མིའི་འདུག་རོགས་འོག་པེ་ཅིང་དུ་འབྱོར་ནས་རིན་མེད་སྨན་བཅོས་དང་ལེན་བྱས་ཤིང་། “སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་སྒྲིག་འཛུགས་ཨུ་ལྷན་དང་དེ་བཞིན་སྨན་ཁང་ཕྱོགས་ཀྱི་བཀོད་སྒྲིག་འོག ལོ་གསུམ་ལ་སླེབས་པའི་བསྟན་འཛིན་མགོན་སྐྱིད་རྒྱལ་སའི་བྱིས་ནད་ཞིབ་འཇུག་སུའོ་ཡི་ཞོར་གཏོགས་བྱིས་པའི་སྨན་ཁང་དུ་ཕྱིན་ནས་སྨན་བཅོས་དང་ལེན་བྱས་པ་རེད། 
          གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། བསྟན་འཛིན་མགོན་སྐྱིད་ཟླ་བ་6ལྷག་ཡིན་པའི་དུས་སུ་ལྷན་སྐྱེས་སྙིང་ནད་ཕོག་ཡོད་པ་བརྟག་དཔྱད་བྱུང་ཞིང་། སྨན་བཅོས་ཀྱི་ཆ་རྐྱེན་དང་དེ་བཞིན་ཁྱིམ་ཚང་གི་དཔལ་འབྱོར་གྱི་གནས་ཚུལ་སོགས་ཀྱི་ཚོད་འཛིན་ཕོག་པའི་དབང་གིས་ད་བར་དུ་གཤགས་བཅོས་བྱེད་མ་ཐུབ་པར་ལུས།

འདི་ནི་ཆུས་ཞིན་ཕེང་གིས་བསྟན་འཛིན་མགོན་སྐྱིད་ལ་བརྟག་དཔྱད་བྱེད་བཞིན་པ།
          བྱིས་ནད་ཞིབ་འཇུག་ཁང་གི་སྙིང་ནད་ཕྱི་བཅོས་ཚན་ཁག་གི་གཙོ་བཅོས་སྨན་པ་ཆུས་ཞིན་ཕེང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ཟླ་བ་གཅིག་གི་སྔོན་ལ་བསྟན་འཛིན་མགོན་སྐྱིད་ལ་གློ་ཚ་བྱུང་སྟེ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་བསྡད་ཅིང་། སྨན་ཁང་དུ་སྡོད་རིང་བྱིས་ནད་ཞིབ་འཇུག་སུའོ་ཡི་སྨན་བཅོས་དང་བླངས་པས་ལྷ་སའི“སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་བོད་སྐྱོད་སྤྱི་ཕན་བྱེད་སྒོ་ཆེ་གྲས་ནང་ཞུགས་པ་དང་སྐབས་ཁེལ་ཏེ། གནས་ཚུལ་ཤེས་རྗེས་བྱིས་ནད་ཞིབ་འཇུག་ཁང་གི་སུའོ་ཀྲང་ལུའོ་དབྱིས་འཕྲལ་དུ་ལྷན་སྐྱེས་སྙིང་ནད་གྲལ་བཤེར་ཚོགས་ཆུང་གི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་སོང་ནས་འཚམས་འདྲི་དང་གྲལ་བཤེར་བྱས་པ་དང་། བརྟག་དཔྱད་བྱས་འབྲས་སླར་ཡང་བསྟན་འཛིན་མགོན་སྐྱིད་ནི་སྙིང་ཁོང་བར་ཆོད་རྒྱ་ཁྱོན་ཆེན་པོར་གཏོར་སྐྱོན་ཕོག་པའི་ཁོངས་སུ་གཏོགས་པ་གཏན་འཁེལ་བྱས་པ་དང་འབྲེལ་མོར་ལྷན་སྐྱེས་སྙིང་ནད་རོགས་སྐྱོབ་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། 
          “ཟླ་ཕྱེད་ཀྱི་སྔོན་ལ། བསྟན་འཛིན་མགོན་སྐྱིད་ཀྱི་གློ་ཚ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཕྱིར་བུད་པ་དང་། དེར་གཤགས་བཅོས་ཀྱི་ཆ་རྐྱེན་འཛོམས་པར་བསམ་གཞིག་བྱས་ཏེ‘སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད’སྒྲིག་འཛུགས་ཨུ་ལྷན་དང་དེ་བཞིན་བྱིས་ནད་ཞིབ་འཇུག་སུའོ་ཡི་བཀོད་སྒྲིག་འོག་ང་ཚོས་ཁོ་མོ་པེ་ཅིང་དུ་བསུས་ནས་བྱིས་ནད་ཞིབ་འཇུག་སུའོ་རུ་སྨན་བཅོས་བྱས་པ་ཡིན”ཞེས་ཆུས་ཞིན་ཕེང་གིས་ངོ་སྤྲོད་བྱས། 
          བསྟན་འཛིན་མགོན་སྐྱིད་སྨན་ཁང་དུ་བསྡད་རྗེས་བྱིས་ནད་ཞིབ་འཇུག་ཁང་གི་སྨན་པ་དང་ནད་གཡོག་གིས་ལམ་སེང་ཁོ་མོར་བརྟག་དཔྱད་བྱས་ཤིང་། དེར་ཚེ་སྲོག་གི་ལུས་རྟགས་ཆ་འཕྲིན་ཚད་འཇལ་དང་། ནད་རིགས་ཀྱི་ཆ་འཕྲིན་འཚོལ་བསྡུ་དང་དེ་བཞིན་ཐོག་མའི་སྒྲ་འདས་སྙིང་འགུལ་རི་མོ་ཞིབ་བཤེར་སོགས་ཚུད་ཡོད་པ་རེད། བྱིས་ནད་ཞིབ་འཇུག་ཁང་གི་སྙིང་ནད་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཝེ་ཏན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། སྨན་ཁང་གིས་དུས་མགོའི་ཚན་པ་ཁག་གྲ་སྒྲིག་ཡག་པོ་བྱས་ཡོད་པ་སྟེ། ཐོག་མར་བསྟན་འཛིན་མགོན་སྐྱིད་ལ་ཞིབ་བཤེར་བྱེད་དགོས་ཤིང་། དེའི་ནང་ཚད་བརྒལ་སྒྲ་རླབས་དང་། བྲང་ཁོག་པར་ལེན།  ཁྲག་ལེན་པ་སོགས་གཤགས་བཅོས་མ་བྱས་གོང་གི་དགོས་ངེས་ཀྱི་ཞིབ་བཤེར་ཚུད་ཡོད། དེ་རྗེས་ཞིབ་བཤེར་བྱས་འབྲས་གཞིར་བཟུང་སྟེ་ཚན་ཁག་རྩ་འཛུགས་བྱས་ནས་གྲོས་བསྡུར་བྱས་ཏེ་མཐའ་མའི་གཤགས་བཅོས་ཀྱི་གོ་སྐབས་དང་གཤགས་བཅོས་ཀྱི་ཇུས་གཞི་གཏན་འཁེལ་བྱེད་དགོས། 
          རྒྱུས་ལོན་བྱུང་བ་ལྟར་ན། “སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་སྒྲིག་འཛུགས་ཨུ་ལྷན་དང་དེ་བཞིན་བྱིས་ནད་ཞིབ་འཇུག་ཁང་གིས་ ད་ཐེངས་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་སྨན་བཅོས་ཀྱི་གྲ་སྒྲིག་ཞིབ་ཚགས་བྱས་ཡོད་ཅིང་།  གཤགས་བཅོས་ཀྱི་ཚན་པ་ཁག་གྲ་སྒྲིག་བྱས་པ་ཕུད། ད་རུང་ཕྲུ་གུ་དང་དེ་བཞིན་ཁྱིམ་མིའི་བཟའ་བཏུང་དང་ཞག་སྡོད་སོགས་ཀྱི་ཐད་ལའང་བཀོད་སྒྲིག་འོས་འཚམ་བྱས་ཏེ་ཁོང་ཚོའི་སེམས་ཁྲལ་བསལ་ནས་གཤགས་བཅོས་བདེ་ལེགས་ཡོང་བར་འགན་ལེན་བྱས་ཡོད་པ་རེད།