ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཕྱི་ཡུལ་འགྲིམས་ཚེ་མེས་རྒྱལ་རླབས་ཆེན་ཡིན་པ་ངང་གིས་ཚོར།

སྤེལ་དུས 2019-06-15 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

      པཎ་ཆེན་རིན་པོ་ཆེས་འཚམས་འདྲི་ཐེངས་དང་པོ་བྱས་ཤིང་། རྒྱལ་ཁབ་གཞན་དང་ཡུལ་གཞན་དུ་བསྐྱོད་ཚེ་མེས་རྒྱལ་རླབས་ཆེན་ཡིན་པ་དེ་བས་གཏིང་ཟབ་པར་ཚོར་ཐུབ་ཅེས་གསུངས།
      ཐེངས་དང་པོ་ཚོགས་པར་ཞུགས་ནས་ཕྱི་རྒྱལ་ལ་འཚམས་འདྲིར་ཕེབས་ཏེ་ཕྱིར་ལོག་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཉེ་ཆར་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་བ་རེད། ཐེངས་འདིའི་འགྲུལ་བཞུད་ཀྱི་མྱོང་ཚོར་གླེང་སྐབས། ཁོང་གིས་རྒྱལ་ཁབ་གཞན་དང་ཡུལ་གཞན་དུ་བསྐྱོད་ཚེ་མེས་རྒྱལ་རླབས་ཆེན་ཡིན་པ་ལྷག་ཏུ་ཚོར་ཐུབ་ཅེས་གསུངས།
      ཟླ5པའི་ཟླ་དཀྱིལ་དུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡན་ཅུའེ་ཡིས་ཚོགས་གཙོ་གནང་བའི་ཀྲུང་གོའི་ནང་བསྟན་སྐུ་ཚབ་ཚོགས་པ་ཐེ་ལན་རྒྱལ་ཁབ་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་ག་ཟླ་བ་མཇུག་བསྡུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་འབྲེལ། ཐེ་ལན་ནང་བསྟན་ལས་རིགས་ལ་མཛའ་བརྩེའི་འཚམས་འདྲི་ཡང་གནང་བ་རེད། འདི་ནི་པཎ་ཆེན་རིན་པོ་ཆེ་ཕྱི་རྒྱལ་དུ་ཕེབས་ཐེངས་དང་པོ་ཡིན་པ་དང་། དེའི་རིང་། ཁོང་གིས་ད་དུང་ཐེ་ལན་གྱི་མོ་ཧོ་ཀྲུའུ་ལ་ལུང་ཀུང་སློབ་ཆེན་དུ་ཁ་བྱང་ལ“བྱམས་སྙིང་རྗེ་དང་ཤེས་རབ་ཀྱི་འོད་ཟེར་འཛམ་གླིང་ཀུན་ལ་ཁྱབ”ཅེས་པའི་གསུང་བཤད་གནང་བ་རེད།
      པཎ་ཆེན་རིན་པོ་ཆེས་གསུང་བཤད་གནང་སྐབས། ཀྲུང་གོ་དང་ཐེ་ལན་རྒྱལ་ཁབ་གཉིས་ཚུད་པའི་ཤར་ཕྱོགས་རྒྱལ་ཁབ་ཁག་གི་རིག་གནས་སྤེལ་རེས་ཁྲོད་ནང་བསྟན་གྱིས་སྒྲོག་ཐག་གི་ནུས་པ་གལ་ཆེན་འདོན་གྱི་ཡོད་པ་དང་། རྒྱལ་ཁབ་ཁག་གི་ཞི་བའི་འགྲོ་འོང་སྲ་བརྟན་དུ་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད། ཁོང་གིས་གསར་འགོད་པར་ཀྲུང་གོ་དང་ཐེ་ལན་རྒྱལ་ཁབ་གཉིས་པོའི་ནང་བསྟན་གྱི་བརྩེ་དུང་ཟབ་ཅིང་མཛའ་གྲོགས་སྤེལ་རེས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཀྲུང་གོ་དང་ཐེ་ལན་རྒྱལ་ཁབ་གཉིས་ཀྱི་ནང་པ་ཚང་མ་སྟོན་པའི་རྗེས་འཇུག་པ་ཡིན་ཞིང་། ལོ་ངོ་སྟོང་གི་ཆོས་ལུགས་ཀྱི་བརྩེ་དུང་རྒྱུན་འཛིན་བྱས་ཡོད་ལ། གཏམ་བཟང་དང་དོན་ཆེན་རྒྱུན་མི་ཆད། དེ་ནི་ཆུ་བརྒྱ་མཚོ་ལ་འདུས་པ་ལྟར་མཉམ་གཅིག་ཏུ་འདྲེས་ཡོད་ཅེས་གསུངས་ཡོད།
      པཎ་ཆེན་རིན་པོ་ཆེས“ཀྲུང་གོ་དང་ཐེ་ལན་རྒྱལ་ཁབ་གཉིས་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་བཟང་པོ་ཡིན་ཞིང་། སྲིད་གཞུང་དབར་ཧུར་ཐག་གིས་འགྲོ་འོང་དང་མཉམ་ལས་བྱེད་ཀྱི་ཡོད་ལ། མི་དམངས་ཀྱི་སེམས་པ་གཅིག་མཐུན་བྱུང་ཡོད”ཅེས་གསུངས་པ་དང་། ཐེངས་འདིའི་འཚམས་འདྲིས་ང་ལ་མེས་རྒྱལ་རླབས་ཆེན་ཡིན་པ་ལྷག་ཏུ་ཚོར་བཅུག་ཅིང་། ཀྲུང་གོ་གུང་ཁྲན་ཏང་རླབས་ཆེན་ཡིན་པ་དང་དེ་བཞིན་ནང་བསྟན་རླབས་ཆེན་ཡིན་པ་གཏིང་ཟབ་མོར་ཚོར་བཅུག་ཡོད་ཅེས་གསུངས།
      པཎ་ཆེན་རིན་པོ་ཆེས་རྒྱལ་ཁབ་གཞན་དུ་སླེབས་དུས་མེས་རྒྱལ་གྱི་ས་རྒྱ་ཆེ་ལ་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་རྨང་མཐུག་པ་དང་། ཀྲུང་གོའི་སྐད་རིགས་ཆེན་པོ་གསུམ་གྱི་ནང་བསྟན་ཚོགས་པའི་མཐུན་སྒྲིལ་མཉམ་འདྲེས་ཡིན་པ་བཅས་སྔར་ལས་གཏིང་ཟབ་མོར་ཚོར་ཐུབ་ཅེས་གསུངས་པ་དང་།“ང་ཚོ་ཀྲུང་གོ་གསར་པ་འཕེལ་རྒྱས་དང་དར་རྒྱས་བྱུང་བའི་དུས་རབས་ལ་སྐྱེས་པ་ནི་བསོད་ནམས་ཆེན་པོ་རེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་སྣེ་ཁྲིད་དེ་ཡར་ལངས་ཤིང་ཕྱུག་པོ་ཆགས་པ་དང་། དེ་ནས་སྟོབས་ཆེར་འགྲོ་བའི་བར་གྱི་མཆོང་སྐྱོད་རླབས་ཆེན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གསུངས།
      སངས་རྒྱས་ཀྱི་བྱམས་སྙིང་རྗེའི་དགོངས་པ་ཐེ་ལན་མི་དམངས་ཀྱི་སེམས་ལ་འཇགས་ཤིང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་ཧུར་ཐག་གི་ནུས་པ་ཐོན་ཡོད་པ་མཐོང་དུས། པཎ་ཆེན་རིན་པོ་ཆེས་རང་ཉིད་ནི་ནང་བསྟན་ཆོས་ལུགས་ལས་རིགས་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མཚོན་བྱེད་མི་སྣ་ཡིན་པའི་ཆ་ནས། བོད་བརྒྱུད་ནང་བསྟན་འདི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་སྔར་ལས་ལེགས་ཤིང་སྔར་ལས་མགྱོགས་པོར་འཚམ་པོ་ཡོང་བར་སྣེ་ཁྲིད་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་སུ་བསྒྱུར་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། ཆོས་ལུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་འགན་འཁྲི་དང་འོས་འགན་དེ་བས་ཆེ་བ་ཡོད་ཅེས་ནན་གྱིས་གསུངས་ཡོད།
རྩོམ་སྒྲིག་པ། སྣང་རྡོར།