ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གྲོས་ཚོགས་གལ་ཆེན་འདི་འདྲ་ཞིག་ལ་ཞུགས་འདུག

སྤེལ་དུས 2019-06-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། བྱམས་པ་ཚེ་རིང་དང་རིན་ཆེན་དབང་འདུས་ཀྱིས་བསྒྱུར།

       ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དགུར་ཞུགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ།
       ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དགུ་པ་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་བཅུ་བཞི་ཉིན་ཅིར་ཅི་སི་སི་ཏན་གྱི་རྒྱལ་ས་པི་ཧྲེ་ཁའེ་ཁེར་འཚོགས་ཡོད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་། ཧ་སག་སི་ཏན་གྱི་ཙུང་ཐུང་ཐོ་ཁ་དབྱི་ཧྥུ། ཅིར་ཅི་སི་སི་ཏན་གྱི་ཙུང་ཐུང་རེ་ཨེན་པེ་ཁེ་ཧྥུ། པ་ཀི་སི་ཏན་གྱི་ཙུང་ལི་དབྱི་མུ་ལན་ཧན། ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་། ཐ་ཅི་ཁེ་སི་ཏན་གྱི་ཙུང་ཐུང་ལ་ཧོ་མོང་། ཨུ་ཙེ་པེ་ཁེ་སི་ཏན་གྱི་ཙུང་ཐུང་མིར་ཆི་གཡོས་དབྱི་ཧྥུ་བཅས་དང་ལྷན་དུ་གྲོས་ཚོགས་སུ་ཞུགས་ཡོད་པ་རེད། ཞི་ཅིན་ཕིང་གིས་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་བ་དང་། ཧྲང་ཧའེ་ཡི་སྙིང་སྟོབས་ཁྲོད་ནས་བློ་རིག་སྔོག་འདོན་དང་མཐུན་སྒྲིལ་མཉམ་ལས་ཁྲོད་ནས་སྟོབས་ཤུགས་དང་ལེན་གྱིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཉིད་མཐུན་སྒྲིལ་ཡིད་ཆེས་དང་། དཀའ་སྡུག་མཉམ་མྱོང་། གཉིས་ཕན་མཉམ་རྒྱལ། ཁོག་ཡངས་དཔྱད་འཛིན་བཅས་ཀྱི་དཔེ་མཚོན་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས་པ་དང་ལག་གདང་སྦྲེལ་ནས་དེ་བས་ཟབ་པའི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་དགོས་ཞེས་གསུངས་གནང་ཡོད།

       སྔ་དྲོ། ཞི་ཅིན་ཕིང་ཨ་ལར་ཆ་རྒྱལ་མགྲོན་ཁང་གི་གྲོས་ཚོགས་ལྟེ་གནས་ཀྱི་ཚོམས་ཆེན་དུ་ཕེབས་པ་དང་། རེ་ཨེན་པེ་ཁེ་ཧྥུས་སྣེ་ལེན་ཞུས་ཡོད། ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་ནས་སྔོན་ལ་ཁྱབ་ཆུང་ཚོགས་འདུ་འཚོགས་པ་དང་། དེ་རྗེས་ལྟ་ཞིབ་རྒྱལ་ཁབ་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཀ་ཉི་དང་། པའེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁེ། དབྱི་རན་གྱི་ཙུང་ཐུང་ལུའུ་ཧ་ཉི། མོང་གོལ་གྱི་ཙུང་ཐུང་པ་ཐེ་ཐུ་ལེ་ཀ དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་འབྲེལ་ཡོད་སྒྲིག་འཛུགས་ཀྱི་འཐུས་མི་བཅས་ཁྱབ་ཆེའི་གྲོས་ཚོགས་སུ་གདན་འདྲེན་ཞུས་ཡོད། རེ་ཨེན་པེ་ཁེ་ཧྥུས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད། ཚོགས་ཞུགས་ཕྱོགས་ཁག་ནས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཆིང་ཏའོ་དབུ་ཚོགས་ཀྱི་གྲུབ་འབྲས་ལག་ལེན་བསྟར་ཚུལ་ཐད་གྲོས་བསྡུར་གནང་བ་དང་། མིག་སྔའི་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གནས་བབ་ལ་གཞིགས་ནས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་གོང་འཕེལ་གནས་ཚུལ་དང་མདུན་ལྗོངས། དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གཙོ་གྲས་བཅས་ཀྱི་ཐད་དགོངས་འཆར་བརྗེ་རེས་གནང་བར་ཐུན་མོང་ངོས་འཛིན་མང་པོ་བྱུང་ཡོད།
       ཞི་ཅིན་ཕིང་གིས་གྲོས་ཚོགས་ཐོག་འགོ་བརྗོད་དུ་སྟོབས་ཤུགས་གཅིག་སྒྲིལ་དང་དམ་པ་དོན་གཉེར་གྱིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་ཡོད། ཞི་ཅིན་ཕིང་གིས། ཆིང་ཏའོ་དབུ་ཚོགས་འཚོགས་ཚུན། ཁོངས་གཏོགས་རྒྱལ་ཁབ་ནས་ཧྲང་ཧའེ་ཡི་སྙིང་སྟོབས་ཀྱིས་མཛུབ་ཁྲིད་བྱས་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེ་གཏིང་ཟབ་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཉིད་འགོ་འཛུགས་ས་གསར་པའི་ཐོག་ཏུ་གོང་འཕེལ་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔར། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེ་མོད། འོན་ཀྱང་ཞི་བདེ་དང་གོང་འཕེལ། མཉམ་ལས། གཉིས་རྒྱལ་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་སུས་ཀྱང་ལྡོག་ཐབས་མེད། ང་ཚོས་འཛམ་གླིང་སྣེ་མང་ཅན་དུ་འགྱུར་རྒྱུ་དང་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བའི་འཕེལ་ཕྱོགས་ཆེན་མོར་དམ་འཛིན་གྱིས་ཧྲང་ཧའེ་ཡི་སྙིང་སྟོབས་ཁྲོད་ནས་བློ་རིག་སྔོག་འདོན་དང་མཐུན་སྒྲིལ་མཉམ་ལས་ཁྲོད་ནས་སྟོབས་ཤུགས་དང་ལེན་གྱིས་ལག་གདང་སྦྲེལ་ཏེ་དེ་བས་ཟབ་པའི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་དགོས་ཞེས་གསུངས་ཡོད།

       གཅིག་ནས། ང་ཚོས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཉིད་མཐུན་སྒྲིལ་ཡིད་ཆེས་ལྡན་པའི་དཔེ་མཚོན་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས། ཧྲང་ཧའེ་ཡི་སྙིང་སྟོབས་སྒྲིག་འཛུགས་འདིའི་ལྟེ་བའི་རིན་ཐང་དང་ཐུན་མོང་གི་འདུ་ཤེས་སུ་བཟུང་རྒྱུ་རྒྱུན་འཁྱོངས་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་རྩ་འཛིན་དང་ཁྱིམ་མཚེས་མཛའ་མཐུན་གྱི་མཉམ་ལས་ཆིངས་ཡིག་ལས་གཏན་ལ་ཕབ་པའི་དམིགས་ཡུལ་དང་རྩ་དོན་བརྟན་སྲུང་གིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟབ་ཏུ་གཏོང་བ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ཕན་མཉམ་གནས་ཀྱི་གཅིག་སྡུད་བྱེད་གནས་རྒྱ་ཆེར་གཏོད་དགོས།
       གཉིས་ནས། ང་ཚོས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཉིད་བདེ་སྡུག་མཉམ་མྱོང་གི་དཔེ་མཚོན་དུ་འཛུགས་སྐྱོང་བྱེད་དགོས། ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་རུང་བ་བཅས་ཀྱི་བདེ་འཇགས་ལྟ་བ་འཛིན་དགོས་པ་དང་། སྣེ་མང་བྱ་ཐབས་མཉམ་བཟུང་གིས་སྟོབས་ཤུགས་ངན་པ་གསུམ་ལ་རྡུང་རྡེག་དང་ཐལ་སྐྱོད་པ་མེད་པ་བཟོ་བའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཨ་ཧྥུ་ཀ་ནི་སི་ཐན་ཉིད་སྔ་ཙམ་ཞི་བདེ། ཞི་མཐུན། བརྟན་ལྷིང་། གོང་འཕེལ་བཅས་ཡོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས།

       གསུམ་ནས། ང་ཚོས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཉིད་གཉིས་ཕན་མཉམ་རྒྱལ་གྱི་དཔེ་མཚོན་དུ་འཛུགས་སྐྱོང་བྱེད་དགོས། ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོང་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་རྒྱུར་ཁྲིད་སྟོན་དང་། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ཐད་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་མང་ཙམ་བྱེད་པ། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་སོགས་མཉམ་ལས་མཉམ་སྤྱོད་སྟེགས་བུ་བེད་སྤྱོད་གང་ལེགས་བྱེད་པ་བཅས་བྱས་ནས་ས་ཁོངས་དཔལ་འབྱོར་ཉིད་སྔར་བས་སྒོ་དབྱེ་དང་སྤེལ་རེས། མཉམ་འདྲེས་བཅས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གཉིས་པའི་གྲུབ་འབྲས་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དང་རྒྱལ་ཁབ་ཁག་གི་གོང་འཕེལ་འཐབ་ཇུས་དང་ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་སོགས་ས་ཁོངས་མཉམ་ལས་གྲོས་ཆོད་བར་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་འབད་པ་ཆེན་པོས་ཆ་ཕྱོགས་ཧྲིལ་པོའི་མཉམ་སྦྲེལ་མཉམ་མཐུད་ཀྱི་གནས་སྟངས་གྲུབ་པ་བྱེད་དགོས། གསར་གཏོད་ཀྱིས་གོང་འཕེལ་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། གྲངས་གཞིའི་དཔལ་འབྱོར་དང་གློག་རྡུལ་ཚོང་དོན། མི་ཐབས་རིག་ནུས། གྲངས་གཞི་ཆེན་མོ་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་ཀྱི་འཕར་གནས་གསོ་སྤེལ་བྱེད་དགོས།
       བཞི་ནས། ང་ཚོས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཉིད་ཁོག་ཡངས་དཔྱད་འཛིན་གྱི་དཔེ་མཚོན་དུ་འཛུགས་སྐྱོང་བྱེད་དགོས། ཤེས་དཔལ་གྱི་འགལ་ཟླ་དོར་ནས་སྒོ་དབྱེ་ཁོག་ཡངས་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རིག་གནས་དང་སློབ་གསོ། ཡུལ་སྐོར། ལུས་རྩལ། སྨྱན་སྦྱོར། ས་གནས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་མང་ཚོགས་ཀྱི་ཐེ་ཞུགས་བྱེད་ཚད་དང་ཐོབ་ཚོར་རྒྱུན་མཐུད་མཐོ་རུ་གཏོང་དགོས་བཅས་པ་ཕྱོགས་བཞིའི་ཐད་ནས་བསྟན་གནང་ཡོད།
       ཞི་ཅིན་ཕིང་གིས། ཉིན་རེ་བཞིན་མང་དུ་འགྲོ་བཞིན་པའི་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་རྩོད་མདུན་དུ་ང་ཚོས་འཁུར་དགོས་པའི་རྒྱལ་སྤྱིའི་འགན་འཁྲི་ཁུར་ཏེ་མཉམ་གྲོས། མཉམ་འཛུགས། མཉམ་སྤྱོད་བཅས་ཀྱི་གོ་ལའི་བཅོས་སྒྲིག་ལྟ་བ་རྒྱུན་འཁྱོངས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

       ཞི་ཅིན་ཕིང་གིས། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱིས་རོགས་ཟླའི་འབྲེལ་བ་ཁྱབ་སྟངས་ལེགས་སྒྱུར་བྱེད་དགོས་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཁྲོད་དགེ་མཚན་སྔར་བས་ལྷག་པ་འདོན་སྤེལ་བྱེད་དགོས་པ། འཛམ་གླིང་རྒྱུན་མཐུད་ཞི་བདེ་དང་དར་རྒྱས་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། ང་ཚོས་ཧྲང་ཧའེ་སྙིང་སྟོབས་ཞེས་པ་རྒྱུན་འཛིན་དང་། སྟོབས་ཤུགས་གཅིག་སྡུད། དངོས་སྒྲུབ་བརྟན་བསྐྱོད་བཅས་བྱས་ནས། ཐུན་མོང་ཐོག་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
       ཚོགས་ཞུགས་དབུ་ཁྲིད་མི་སྣས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱ་རྒྱུའི་བསྐྱར་བཤད་གནང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་གྱི་དགོངས་དོན་དང་རྩ་དོན་བརྟན་སྲུང་བྱེད་པ། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྨང་གཞིའི་ཐོག་རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་དགོས་པ་མ་ཟད་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་སྐྱོང་བྱེད་པ། འབད་བརྩོན་ཆེན་པོས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་རྒྱལ་སྤྱི་དང་ས་ཁུལ་བྱ་དོན་ཁྲོད་ཀྱི་ནུས་པ་གོང་མཐོར་གཏོང་རྒྱུའི་མོས་མཐུན་བཅས་གནང་ཡོད་པ་རེད། འགོ་ཁྲིད་མི་སྣ་མང་པོ་ཞིག་གིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཐད་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། རྒྱུད་གཅིག་ལམ་གཅིག་གྲོས་འགོ་དང་རྒྱལ་ཁབ་ཁག་གི་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་བསྐྱར་བཤད་གནང་ཡོད། ཉོ་ཚོང་དང་། དངུལ་རྩ། མ་འཇོག འགྲིམ་འགྲུལ། ནུས་རྒྱུ། ཞིང་ལས། གསར་གཏོད། མཐོ་གསར་ལག་རྩལ། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ཉོ་ཚོང་དང་མ་འཇོག་སྟབས་བདེ་ཅན་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ས་ཁུལ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་སྒོ་དབྱེ་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་བྱེད་པ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་དབང་གྲགས་དང་ཕན་ནུས་ལ་སྲུང་སྐྱོང་བྱེད་པ། རྣམ་པ་གང་རུང་གི་ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་བྱེད་དགོས་པ་བཅས་ཀྱི་འདོད་ཚུལ་བསྟན་ཡོད། འགོ་ཁྲིད་མི་སྣ་རྣམས་ཀྱིས། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་རྒྱུན་མཐུད་གོང་འཕེལ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པ་དང་། རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་དང་། ཁ་བྲལ་རིང་ལུགས། རྒྱལ་ཁོངས་གྲོལ་བའི་ཉེས་གསོག་སྒྲིག་འཛུགས་སོགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་། ཐུན་མོང་ཐོག་དུག་རྫས་ཀྱི་ཉེན་ཁར་ཁ་གཏད་གཅོག་དགོས། ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་དེ་ས་ཁུལ་གྱི་ཞི་བདེ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུར་ངེས་པར་དུ་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད། 
གྲོས་ཚོགས་ཐོག ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཐེངས་རྗེས་མའི་གྲོས་ཚོགས་དེ་ཨུ་རུ་སུར་སྐོང་འཚོག་བྱ་རྒྱུའི་གཏན་འཁེལ་བྱས་ཡོད་པ་རེད། སྐབས་རྗེས་མའི་ཀྲུའུ་ཞིའི་རྒྱལ་ཁབ་ཨུ་རུ་སུས་བྱ་རྒྱུ་ཡིན་པ་རེད། ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ལས་འཛིན་ལྷན་ཚོགས་ཀྱི་པི་ཧྲེ་ཁའེ་ཁེའི་བསྒྲགས་ཡིག་ཞེས་པ་དང་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་དང་། དུག་འགོག ས་གནས་ཀྱི་མཉམ་ལས་སོགས་མཉམ་ལས་ཡིག་ཆ་༡༣ལ་མཚན་རྟགས་བཀོད་གནང་ཡོད་པ་རེད།
       གྲོས་ཚོགས་ཐོག་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་གསར་འགྱུར་སྤྱི་བསྒྲགས་ཞེས་པ་འགྲེམས་སྤེལ་བྱས་ཡོད་པ་རེད། གྲོས་ཚོགས་མཇུག་སྒྲིལ་རྗེས། ཞི་ཅིན་ཕིང་ཉིད་རེ་ཨེན་པེ་ཁེ་ཧྥུས་གྲོས་ཚོགས་ལ་ཞུགས་པར་ཕེབས་པའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣ་དང་དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་སྒྲིག་འཛུགས་ཀྱི་འགན་འཁུར་མི་སྣར་བཤམས་པའི་དགའ་བསུ་ཞུ་བའི་སྟོན་མོར་ཞུགས་གནང་ཡོད་པ་རེད།