ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་ཨེ་ཤ་ཡའི་ཕན་ཚུན་རོགས་རེས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཀྱི་དབུ་ཚོགས་ཐེངས་ལྔ་པར་ཞུགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ།

སྤེལ་དུས 2019-06-17 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
               ཨེ་ཤ་ཡའི་ཕན་ཚུན་རོགས་རེས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཀྱི་དབུ་ཚོགས་ཐེངས་ལྔ་པ་སྤྱི་ཚེས་༡༥ཉིན་ཐ་ཅི་ཁེ་སི་ཐན་གྱི་རྒྱལ་ས་ཏུའུ་ཧྲེང་པེར་འཚོགས་ཡོད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་ལ་ཞུགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། བདེ་འཇགས་བརྟན་ལྷིང་། གོང་འཕེལ་དར་རྒྱས། སྒོ་དབྱེ་ཁོག་ཡངས། མཉམ་ལས་གསར་སྐྲུན་བཅས་ཀྱི་ཨེ་ཤ་ཡ་འཛུགས་སྐྲུན་བྱེད་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཞི་བའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་དང་། སྒོ་དབྱེ་མཉམ་རྒྱལ་རྒྱུན་འཁྱོངས། ཕྱོགས་མང་རིང་ལུགས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། ཕྱོགས་ཁག་དང་མཉམ་དུ་ཨེ་ཤ་ཡ་དང་འཛམ་གླིང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་ཞེས་ནན་གསུངས་གནང་ཡོད།
               ས་གནས་དེ་གའི་དུས་ཚོད་ཀྱི་སྔ་དྲོ། ཞི་ཅིན་ཕིང་ན་ཨུ་ལུ་ཚེ་པོ་ཕོ་བྲང་གི་མགྲོན་བསུའི་ཚོམས་ཆེན་དུ་ཕེབས་འབྱོར་ཟིན་པ་དང་། ཐ་ཅི་ཁེ་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་གིས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་གནང་ཡོད།
               གྲོས་ཚོགས་ལ་ཧོ་མོང་གིས་གཙོ་སྐྱོང་གནང་ཡོད། ཨབ་ཀ་ནི་སི་ཐན་དང་། ཨ་སའེ་པའེ་ཅང་། བྷང་ག་ལ། ཁུམ་བུ་ཀྲེ། དབྱི་རན། ཧ་སག་སི་ཐན། ཅི་འར་ཅི་སི་སི་ཐན། ཁ་ཐར། ཨུ་རུ་སུ། སི་རི་ལན་ཁ། ཐུར་ཁེ། ཨུ་ཙེ་པེ་ཁེ་སི་ཐན་སོགས་ཨེ་ཤ་ཡའི་ཕན་ཚུན་རོགས་རེས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པའམ་འཐུས་མི་དང་། ལྟ་ཞིབ་རྒྱལ་ཁབ་ཀྱི་འཐུས་མི། དེ་བཞིན་འབྲེལ་ཡོད་རྒྱལ་སྤྱི་དང་ས་ཁུལ་གྱི་སྒྲིག་འཛུགས་ཀྱི་འཐུས་མི་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
               ཚོགས་ཞུགས་ཕྱོགས་ཁག་གིས་ཐུན་མོང་གི་རྒྱང་ལྟ་སྟེ། བདེ་འཇགས་དང་སྔར་བས་དར་ཞིང་རྒྱས་པའི་ཨེ་ཤ་ཡའི་ཕན་ཚུན་རོགས་རེས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཀྱི་ས་ཁུལ་ཞེས་པའི་བརྗོད་དོན་གཙོ་བོར་གཞིགས་ཏེ་དགོངས་འཆར་བརྗེ་རེས་གནང་བ་དང་། ཕྱོགས་ཁག་གིས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་དང་ཨེ་ཤ་ཡའི་ཡུན་རིང་ཞི་བདེ་དང་ཐུན་མོང་དར་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་གནང་བས་རྒྱ་ཁྱབ་ཀྱི་ངོས་འཛིན་གཅིག་མཐུན་བྱུང་ཡོད་པ་རེད།
               ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་འགོ་བརྗོད་དུ་ལག་གདང་སྦྲེལ་ཏེ་ཨེ་ཤ་ཡའི་བདེ་འཇགས་དང་གོང་འཕེལ་གྱི་རྣམ་པ་གསར་པ་མཉམ་དུ་གཏོད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་ཡོད། ཞི་ཅིན་ཕིང་གིས་ཨེ་ཤ་ཡའི་ཕན་ཚུན་རོགས་རེས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཚོགས་འགོ་ཚུགས་ནས་ལོ་༢༧སོང་རིང་། རྒྱལ་ཁབ་ཁག་གིས་ཕན་ཚུན་ཡིད་ཆེས་དང་རོགས་རེས་ཟབ་ཏུ་གཏོང་བ་དང་། ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་གི་ཡོད་པས། ཨེ་ཤ་ཡའི་ཞི་བདེ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ཨེ་ཤ་ཡའི་ཕན་ཚུན་རོགས་རེས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཀྱི་ཧྲང་ཧའེ་དབུ་ཚོགས་ཐོག་ང་རང་ནས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུན་བཅས་ཀྱི་བདེ་འཇགས་ལྟ་བ་གསར་པ་ལག་བསྟར་བྱ་རྒྱུ་དང་། ཨེ་ཤ་ཡའི་ཁྱད་ཆོས་དང་རྒྱལ་ཁབ་ཁག་གི་ཐུན་མོང་ཁེ་ཕན་དང་འཚམ་པའི་བདེ་འཇགས་དང་གོང་འཕེལ་གྱི་འགྲོ་ལམ་འཚོལ་ཞིབ་བྱ་རྒྱུའི་གྲོས་འགོ་བཏོན་པར་ཕྱོགས་ཁག་ནས་ལན་ཆ་ཧུར་ཐག་བྱས་ཡོད། ཀྲུང་གོའི་ཕྱོགས་ནས་ཕྱོགས་ཁག་དང་མཉམ་དུ་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཨེ་ཤ་ཡའི་ཕན་ཚུན་རོགས་རེས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཀྱི་འཕེལ་རིམ་ཟམ་མི་ཆད་པར་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
               ཞི་ཅིན་ཕིང་གིས། ཨེ་ཤ་ཡ་ནི་དེང་གི་འཛམ་གླིང་ཐོག་གོང་འཕེལ་གྱི་གསོན་ཤུགས་དང་མི་མངོན་པའི་ནུས་པ་ཆེ་ཤོས་ལྡན་པའི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་། དུས་མཚུངས་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་མི་འདང་བ་དང་། དཔལ་འབྱོར་གོང་འཕེལ་དོ་སྙོམས་མིན་པ། བདེ་འཇགས་དང་བཅོས་སྐྱོང་གནད་དོན་མངོན་གསལ་དོད་པ་སོགས་ཀྱི་ཐུན་མོང་འགྲན་རྩོད་འཕྲད་ཡོད། སྤྱི་ལོ་༢༠༡༥ལོར། ང་རང་ནས་ཨེ་ཤ་ཡའི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུའི་གྲོས་འགོ་བཏོན་ཡོད། དུས་བབ་གསར་པའི་འོག་ང་ཚོས་གཏན་འཁེལ་ཟིན་པའི་དམིགས་འབེན་རྒྱུན་འཁྱོངས་དང་། གོ་སྐབས་མཉམ་དུ་བསུ་བ་དང་། འགྲན་རྩོད་ལ་མཉམ་དུ་ཁ་གཏད་གཅོག་པ། ལག་གདང་སྦྲེལ་ཏེ་ཨེ་ཤ་ཡའི་བདེ་འཇགས་དང་གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་དགོས།
               ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་ལྡན་པའི་ཨེ་ཤ་ཡ་འཛུགས་སྐྱོང་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་རེ་སྒུག་ཡིན། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་ནང་གཏན་འཁེལ་བྱས་པའི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་། རྒྱལ་ཁབ་ཁག་གི་བདག་དབང་དང་། རང་བཙན། མངའ་ཁོངས་ས་ཆ་ཆ་ཚང་བཅས་ལ་བརྩི་འཇོག་བྱེད་པ། རྒྱལ་ཁབ་ཁག་གིས་རང་རྟེན་གདམ་ག་བྱས་པའི་ཆབ་སྲིད་ལམ་ལུགས་དང་གོང་འཕེལ་ལམ་བུར་བརྩི་འཇོག་བྱེད་དགོས། གྲན་རྩོད་ཀྱི་བསམ་པ་དང་སྲུང་སྐྱོང་རིང་ལུགས་དོར་ཏེ། སྲིད་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་དང་། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་བཏང་ནས་འཐབ་ཇུས་ཆེན་པོའི་ཐུན་མོང་ངོས་འཛིན་རིམ་བཞིན་རྒྱ་ཆེར་གཏོང་དགོས།
               བདེ་འཇགས་བརྟན་བརླིང་གི་ཨེ་ཤ་ཡ་འཛུགས་སྐྱོང་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་དམིགས་འབེན་ཡིན། ང་ཚོས་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་བྱེད་པ་ལས་ཁ་གཏད་དུ་མི་ལངས་པ་དང་། རོགས་ལས་བྱེད་པ་ལས་མནའ་འབྲེལ་མི་བྱེད་པར། སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་གནད་དོན་སྣ་ཚོགས་ལ་ཁ་གཏད་འོས་འཚམ་གཅོག་དགོས་པ་དང་། ལྷག་པར་དུ་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས། ནུས་ལྡན་དང་སྔོན་འགོག་རང་བཞིན་ལྡན་པའི་བྱ་ཐབས་སྣ་ཚོགས་སྤྱད་དེ། ཐལ་སྐྱོད་བསམ་བློའི་རིགས་རྩ་བའི་ཐོག་ནས་སྔོན་འགོག་བྱ་དགོས། ཨེ་ཤ་ཡའི་ཁྱད་ཆོས་དང་འཚམ་པའི་ས་ཁུལ་གྱི་བདེ་འཇགས་སྒྲོམ་གཞི་འཛུགས་རྒྱུ་འཚོལ་ཞིབ་བྱེད་པ་དང་། ཡོངས་ཁྱབ་ཐོག་བདེ་འཇགས་དང་ཐུན་མོང་བདེ་འཇགས་ཀྱི་ཁོར་ཡུག་རེ་སྙེག་བྱ་དགོས།
               དར་ཤིང་མངའ་ཐང་རྒྱས་པའི་ཨེ་ཤ་ཡ་འཛུགས་སྐྱོང་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་བསམ་འདུན་ཡིན། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་ང་ཚོས་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ་དང་། ད་ལོའི་སྤྱི་ཟླ་༤པའི་སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ཐོག་བྱུང་བའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱེད་པ། འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཕྱོགས་མཐའ་ཀུན་གྱི་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཁག་གི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་ཡོང་བ་བྱ་དགོས།
               སྒོ་དབྱེ་ཁོག་ཡངས་ཀྱི་ཨེ་ཤ་ཡ་འཛུགས་སྐྱོང་བྱ་རྒྱུ་ནི་ང་ཚོ་ཐུན་མོང་གི་བརྩོན་ལེན་བྱ་གཞི་ཡིན། ད་ལོའི་སྤྱི་ཟླ་༥པའི་ཨེ་ཤ་ཡའི་ཤེས་དཔལ་སྐད་ཆ་ཤོད་རེས་ཚོགས་ཆེན་གྱི་ཐུན་མོང་ངོས་འཛིན་ང་ཚོས་དོན་འཁྱོལ་ཡག་པོ་བྱས་ཏེ། འདྲ་མཉམ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། སྐད་ཆ་ཤོད་རེས། ཁོག་ཡངས་བཅས་ཀྱི་ཤེས་དཔལ་ལྟ་བ་འཛུགས་པ་དང་། སྣ་མང་མཉམ་གནས་དེ་ཤེས་དཔལ་ཁྱད་འཕགས་ལས་ལྷག་པའི་འདུ་ཤེས་འཛིན་པ། ཞི་མཐུན་མཉམ་གནས་དེ་ཤེས་དཔལ་གདོང་ཐུག་ལས་ལྷག་པའི་འདུ་ཤེས་འཛིན་པ། མཉམ་འདྲེས་མཉམ་སྤྱོད་དེ་ཤེས་དཔལ་དབར་གྱི་ཁྱད་པར་ལས་ལྷག་པའི་འདུ་ཤེས་འཛིན་པ། མཉམ་དུ་དར་རྒྱས་ཡོང་ཐབས་བྱེད་པ་དེ་ཤེས་དཔལ་རང་སོར་འཇོག་པ་ལས་ལྷག་པའི་འདུ་ཤེས་འཛིན་པ་བཅས་བྱ་དགོས།
               མཉམ་ལས་གསར་སྐྲུན་གྱི་ཨེ་ཤ་ཡ་འཛུགས་སྐྱོང་བྱ་རྒྱུ་ནི་ང་ཚོ་ཐུན་མོང་གི་དགོས་མཁོ་ཡིན། རིགས་པའི་གཞུང་ལུགས་དང་། ལམ་ལུགས། ཚན་རྩལ། རིག་གནས་སོགས་ཕྱོགས་ཁག་གི་གསར་སྐྲུན་ལ་ང་ཚོས་ཤུགས་སྣོན་རྒྱག་དགོས་པ་དང་། གནད་དོན་རྙིང་པ་ཐག་གཅོད་བྱེད་ཆེད་དྲི་ལན་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ། གནད་དོན་གསར་པར་ཁ་གཏད་གཅོག་པར་དྲི་ལན་ཡག་པོ་འཚོལ་ཞིབ་བྱེད་པ་བཅས་བྱས་ཏེ། ཨེ་ཤ་ཡར་འཕྲད་པའི་དཀའ་གནད་སྣ་ཚོགས་སེལ་ཐབས་བྱ་དགོས་ཞེས་ནན་གསུངས་གནང་ཡོད།
               ཞི་ཅིན་ཕིང་གིས། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་ཨེ་ཤ་ཡའི་རྒྱལ་ཁབ་དང་མཛའ་གྲོགས་ཁྱིམ་མཚེས་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་དང་། ཨེ་ཤ་ཡའི་ཁྱིམ་ཚང་ཆེན་པོའི་ཁོངས་མི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགན་འཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས། ཀྲུང་གོས་འཛམ་གླིང་གི་ཞི་བདེ་འཛུགས་སྐྱོང་བྱེད་མཁན་དང་། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་མཁན་བཅས་མུ་མཐུད་ནས་བྱས་ཏེ། རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་སྟེ།
               གཅིག་ནི། ང་ཚོས་ཞི་བའི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཞན་ལ་གནོད་པ་བྱས་ཏེ་རང་ཉིད་ལ་ཕན་པ་ཡོང་ཐབས་དང་རྒྱལ་ཁབ་གཞན་ལ་གནོད་པ་སྐྱེལ་བའི་རིགས་རྩ་བ་ནས་མི་བྱེད་པ། ཀྲུང་གོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་རྒྱལ་ཁབ་ཁག་དབར་གྱི་མཛའ་གྲོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། འབྲེལ་ཡོད་རྒྱལ་ཁབ་དབར་མངའ་ཁོངས་ས་ཆའི་བདག་དབང་དང་རྒྱ་མཚོའི་དབང་ཆའི་རྩོད་གཞི་ཞི་བའི་ཐབས་ལམ་ལ་བརྟེན་ནས་ཐག་གཅོད་བྱེད་པ་བརྒྱུད། སྐད་ཆ་ཤོད་རེས་དང་གྲོས་མོལ་ལ་བརྟེན་ནས་དོ་ཁུར་བྱེད་མང་བའི་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ་དང་།
               གཉིས་ནི། ང་ཚོས་སྒོ་དབྱེ་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཁག་དབར་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུ་ཡིན། ཀྲུང་གོས་ཕྱོགས་ཁག་དང་ལྷན་དུ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་སྟེགས་བུ་བེད་སྤྱོད་ཡག་པོ་བྱས་ཏེ། ཐུན་མོང་འཕེལ་རྒྱས་ཆེད་སྒུལ་ནུས་སྟོབས་ཆེན་སྣོན་འདོད་ཡོད། ད་ལོ་ཀྲུང་གོས་སྐབས་གཉིས་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་གཉེར་ནས། ཕྱོགས་ཁག་གིས་ཀྲུང་གོའི་ཁྲོམ་རར་ཞུགས་རྒྱུར་སྟབས་བདེའི་ཆ་རྐྱེན་དེ་བས་མང་བ་བསྐྲུན་འདོད་ཡོད།
               གསུམ་ནི། ང་ཚོས་ཕྱོགས་མང་རིང་ལུགས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་པ་དང་། ཀྲུང་གོས་ཕྱོགས་ཁག་དང་ལྷན་དུ། མཉམ་གྲོས་དང་། མཉམ་འཛུགས། མཉམ་སྤྱོད་བཅས་ཀྱི་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་རྒྱུན་འཁྱོངས་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ལྟེ་བར་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། དཔལ་འབྱོར་ཉོ་ཚོང་ཁྲོད་ལྷག་པའི་གནད་དོན་སྐོར་ལ། ཕྱོགས་ཁག་ནས་ཕན་ཚུན་བརྩི་འཇོག་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས། འདྲ་མཉམ་དང་གྲོས་མོལ་བྱེད་པ་བརྒྱུད། རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་དང་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་གཞིར་བཟུང་ཐག་གཅོད་འོས་འཚམ་བྱེད་པ་ལས། སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས་ཐོག་ནས་གནད་དོན་ཐག་གཅོད་བྱེད་མི་སྲིད། ཀྲུང་གོའི་ལངས་ཕྱོགས་དེ་ནི། རྒྱལ་ཁབ་ཁག་གི་ལུགས་མཐུན་འཕེལ་རྒྱས་དབང་ཆར་སྲུང་སྐྱོང་བྱས་པ་ཞིག་རེད་ལ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱས་པ་ཡང་རེད་ཅེས་གསུངས་ཡོད་པ་རེད།
               ཞི་ཅིན་ཕིང་གིས། ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་འབད་བརྩོན་བྱེད་པ་དང་། ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ཡོང་བའི་བརྩོན་ལེན་བྱས་ནས། ཐུན་མོང་ཐོག་ཨེ་ཤ་ཡ་དང་འཛམ་གླིང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད་ཅེས་ནན་གསུངས་གནང་ཡོད་ལ། ཞི་ཅིན་ཕིང་གིས་གསུང་བཤད་གནང་བར་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད།
               ཚོགས་ཞུགས་ཁོངས་མིས་ཀྲུང་གོ་དེ་ཉིད་སྐབས་གོང་མའི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ངོས་ནས་ཨེ་ཤ་ཡའི་ཕན་ཚུན་རོགས་རེས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཀྱི་སྒྲོམ་གཞིའི་ནང་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ཕྱོགས་ཁག་གིས་མགྲིན་དབྱངས་གཅིག་གྱུར་ཐོག མུ་མཐུད་ཨེ་ཤ་ཡའི་དོན་དངོས་ལ་གཞིགས་པ་དང་། ཨེ་ཤ་ཡའི་ཕན་ཚུན་རོགས་རེས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ། ཡིད་ཆེས་བྱ་ཐབས་དོན་འཁྱོལ་བྱེད་པ། ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་བརྩོན་ལེན་བྱེད་པ། རིག་གནས་སྣེ་མང་ཅན་ལ་བརྩི་འཇོག་བྱེད་པ་བཅས་བྱས་ཏེ། ཨེ་ཤ་ཡ་དེ་ཉིད་ཡུན་རིང་ཞི་བདེ་དང་དར་རྒྱས་ཀྱི་འཆམ་མཐུན་ས་ཁུལ་ཞིག་ལ་འཛུགས་སྐྲུན་བྱ་རྒྱུའི་མོས་མཐུན་གནང་ཡོད།
               ཕྱོགས་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དང་སྤྱི་ཡོངས་ནས་ཁས་ལེན་བྱེད་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཚད་གཞིར་བརྩི་སྲུང་ཞུ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱས་པའི་ཕན་འབྲས་མཐོ་བའི་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་ཁག་གིས་ཕན་ཚུན་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་རྩ་དོན་ལ་རྦད་དེ་རྒྱབ་སྐྱོར་བྱེད་པ། ཐུན་མོང་ཐོག་སྒོ་དབྱེའི་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པ། རྣམ་པ་སྣ་ཚོགས་ཀྱི་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཐུན་མོང་ཐོག་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས། རྒྱལ་མཚམས་བརྒལ་བའི་སྒྲིག་འཛུགས་ཡོད་པའི་ཉེས་བསགས་བཅས་ལ་རྡུང་རྡེག་གཏོང་བ། མཉམ་དུ་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་གཅོག་པ། ཨེ་ཤ་ཡ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ། ཕན་ཚུན་བརྩི་འཇོག་དང་གཞུང་དྲང་དྲང་བདེན། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུའི་བསྐྱར་བཤད་གནང་ཡོད།
               དབུ་ཚོགས་ཐོག་ཨེ་ཤ་ཡའི་ཕན་ཚུན་རོགས་རེས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཀྱི་དབུ་ཚོགས་ཐེངས་ལྔ་པའི་བསྒྲགས་གཏམ་ཞེས་པ་སྤེལ་ཡོད།
               དབུ་ཚོགས་མཇུག་འགྲིལ་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཧེ་མོང་ནས་དབུ་ཚོགས་ལ་ཞུགས་མཁན་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་དང་དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་སྒྲིག་འཛུགས་ཀྱི་འགན་འཁུར་བར་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཞུགས་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།