ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་སྐབས་དགུ་པའི་རྒྱལ་ཡོངས་ཀྱི་མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་མཉམ་སྡེབ་ཀྱི་གཟེངས་བསྟོད་ཐོབ་པའི་འཐུས་མི་དང་མཇལ་འཕྲད་གནང་བ་དང་། ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་མཇལ་འཕྲད་ནང་ཞུགས་པ།

སྤེལ་དུས 2019-06-26 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་དགའ།
            ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་དགུ་པའི་རྒྱལ་ཡོངས་ཀྱི་མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་མཉམ་སྡེབ་ཀྱི་གཟེངས་བསྟོད་ཚོགས་ཆེན་སྤྱི་ཚེས་༥ཉིན་པེ་ཅིན་དུ་འཚོགས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་གཟེངས་བསྟོད་ཐོབ་པའི་འཐུས་མི་དང་བྱམས་བརྩེའི་ངང་འཇལ་འཕྲད་གནང་བ་དང་། ཁོང་རྣམ་པར་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་། ཁོང་རྣམ་པས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་ངེས་ནས། རང་འཁྲིའི་ལས་གནས་ཐོག་སྔར་བས་ཕུལ་བྱུང་གི་གྲུབ་འབྲས་གཏོད་རྒྱུའི་སྐུལ་ལྕག་གནང་ཡོད།
            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཇལ་འཕྲད་ནང་ཞུགས་གནང་ཡོད།
            སྤྱི་དྲོ་ཆུ་ཚོད་བཞི་དང་སྐར་མ་སུམ་ཅུའི་ཐོག་ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ཕེབས་པ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད། ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་རྣམ་པ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་། བཀའ་མོལ་གསུང་པ་མ་ཟད་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་གནང་ཡོད།
            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཁྲེང་ཞི་མཇལ་འཕྲད་ནང་ཞུགས་པ་མ་ཟད་གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་གནང་ཡོད། ཁོང་གིས། གཞུང་ཞབས་པ་ནི་ལས་བྱེད་དཔུང་ཁག་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྐང་འཛིན་སྟོབས་ཤུགས་ཡིན། རྒྱ་ཆེའི་གཞུང་ཞབས་པས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་མཉམ་སྡེབ་ལ་སློབ་སྦྱོང་བྱེད་པ་དང་། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་དགོངས་པར་བློ་བརྟན་འགྱུར་མེད་ཀྱིས་དད་མོས་བྱེད་མཁན་དང་། བློ་དཀར་སེམས་དཀར་གྱིས་ལག་ལེན་བྱེད་མཁན་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་ངེས་པ་དང་། འགན་འཁུར་བྱས་རྗེས་འཇོག་པ། དངོས་འཛིན་དངོས་སྒྲུབ། དུས་རབས་དང་། མི་དམངས། ལོ་རྒྱུས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་འཇོག་པའི་ཐོག་ནས་མི་དམངས་འདོད་བློ་ཚིམ་པའི་བླ་ན་མེད་པའི་མཚན་སྙན་དེར་གཟི་བརྗིད་སྣོན་དགོས་ཞེས་གསུངས་ཡོད།
            སྐབས་དགུ་པའི་རྒྱལ་ཡོངས་ཀྱི་མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་མཉམ་སྡེབ་ཀྱི་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་ནི་ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུས་སྒྲིག་འཛུགས་བྱས་པ་ཞིག་ཡིན། ཚོགས་ཆེན་ཐོག་མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ་༡༩༢དང་མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་མཉམ་སྡེབ་༩༨ལ་གཟེངས་བསྟོད་བྱས་ཡོད། ཧྲང་ཧའེ་གྲོང་ཁྱེར་ཕུ་ཏུང་གསར་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱི་རིམ་པ་གསུམ་པའི་མཐོ་རིམ་གཙོ་གཉེར་ཞུས་རྨིན་དང་། ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་སྤྱི་བདེ་ཅུས་ཆེད་འགན་འཁུར་མཁན་ཉེན་རྟོག་ཡན་ལག་རུ་ཁག་སྦྱོང་བརྡར་ཁྲུའུ་ཡི་བརྟག་ཞིབ་པ་གཞོན་པ་ཀྲང་པའོ་གོ ཧེ་ནན་ཞིང་ཆེན་བུད་མེད་མཉམ་འབྲེལ་ཚོགས་པའི་པའོ་ཐིང་རྫོང་ ཅ་མའོ་གྲོང་བརྡལ་ཀུང་ཚུན་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་སུའེ་ཡའོ་ཏ། ཨ་ཧྥུ་ཀ་ནི་སི་ཐན་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལེའུ་ཅིན་སུང་སོགས་གཟེངས་བསྟོད་ཐོབ་པའི་འཐུས་མི་བཞིས་ཚོགས་ཆེན་ཐོག་གཏམ་བཤད་གནང་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།