ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཧྥུ་དང་མཇལ་འཛོམས་གནང་བ།

སྤེལ་དུས 2019-07-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས29ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཧྥུ་དང་ཏ་པན་དུ་མཇལ་འཛོམས་གནང་བ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་གོང་འཕེལ་གྱི་རྩ་བའི་གནད་དོན་དང་། མིག་སྔའི་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་འགལ་ཟླ། དེ་བཞིན་གཉིས་ཀས་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་། གོམ་སྟབས་རྗེས་མའི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་ཐད་ཁ་ཕྱོགས་གཏན་འཁེལ་གནང་ཞིང་། མཐུན་སྦྱོར་དང་། མཉམ་ལས། བརྟན་ལྷིང་བཅས་ཀྱིས་རྨང་གཞི་བྱས་པའི་ཀྲུང་གོ་དང་ཨ་རིའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུར་མོས་མཐུན་གནང་བ་རེད།
          ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་ནི་འཛམ་གླིང་ཐོག་གི་གལ་འགངས་ཆེ་ཤོས་ཀྱི་ཕྱོགས་གཉིས་འབྲེལ་བའི་གྲས་ཤིག་རེད། ཀྲུང་གོ་དང་ཨ་རིའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་40འདས་པའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ན། རྒྱལ་སྤྱིའི་དུས་བབ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འགྱུར་བ་ཆེན་པོ་བྱུང་ཡང་། གཞི་རྩའི་དོན་དངོས་ཤིག་ལ་འགྱུར་བ་ཕྱིན་མེད་པ་སྟེ། དེ་ནི་ཀྲུང་གོ་དང་ཨ་རི་མཐུན་ན་གཉིས་ཀར་ཕན་ཐོགས་པ་དང་འཐབ་ན་གཉིས་ཀར་གནོད་འཚེ་ཕོག་པ་དང་། མཉམ་ལས་ནི་འགལ་ཟླ་ལས་ལེགས་པ་དང་། སྐད་ཆ་ཤོད་རེས་བྱེད་པ་ནི་ཁ་གཏད་དུ་ལང་པ་ལས་ཡག་པ་དེ་རེད། མིག་སྔར་ཀྲུང་གོ་དང་ཨ་རིའི་འབྲེལ་བར་དཀའ་ངལ་ཁག་ཅིག་འཕྲད་ཡོད། དེ་ནི་ཕྱོགས་གཉིས་པོའི་ཁེ་ཕན་དང་འཚམས་ཀྱི་མེད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་བར་འགལ་ཟླ་འགའ་ཤས་ཡོད། ཡིན་ནའང་ཕྱོགས་གཉིས་པོའི་ཁེ་ཕན་ཚད་གཞི་མཐོ་པོས་མཉམ་དུ་འདྲེས་ཡོད་པ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེན་པོ་ཡོད་པས། འགལ་བ་ལྟག་སྤྲོད་ཀྱི་འོབ་དོང་ནང་ལྷུང་མི་རུང་ཞིང་། ཕན་ཚུན་སྐུལ་འདེད་དང་། མཉམ་དུ་གོང་འཕེལ་ཡོང་བ་བྱ་དགོས། ཙུང་ཐུང་སྐུ་ཞབས་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་ལེགས་བཅོས་ཐུབ་རེ་བྱེད་པའི་སྐོར་ཐེངས་མང་གསུངས་གནང་ཡོད་པ་དང་། ཁྱེད་རང་ནས་ད་དུང་ཕྱོགས་གཉིས་པོས་ཕན་ཚུན་བརྩི་བཀུར་དང་། གཉིས་ཕན་གཉིས་ཁེ་ཡོང་བ་བྱ་རྒྱུར་མོས་མཐུན་བརྒྱ་ཆ་བརྒྱ་ཡོད་ཅེས་གསུངས་ཡོད། དེ་ནི་ང་ཚོས་དམ་འཛིན་བྱ་དགོས་པའི་ཡང་དག་པའི་ཁ་ཕྱོགས་དེ་རེད། ཕྱོགས་གཉིས་པོས་ང་དང་ཙུང་ཐུང་སྐུ་ཞབས་ནས་གཏན་འཁེལ་བྱས་པའི་རྩ་དོན་དང་ཁ་ཕྱོགས་ལྟར། བང་རིམ་ཁག་གི་སྤེལ་རེས་རྒྱུན་འཁྱོངས་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཐུན་མོང་ཐོག་མཐུན་སྦྱོར་དང་། མཉམ་ལས། བརྟན་ལྷིང་བཅས་ཀྱིས་རྨང་གཞི་བྱས་པའི་ཀྲུང་གོ་དང་ཨ་རིའི་འབྲེལ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་འདུག
          ཐེ་རོན་ཧྥུས། ཀྲུའུ་ཞི་ཞི་ཅིན་ཕིང་དང་སླར་ཡང་ཐུག་པར་དགའ་པོ་བྱུང་། ངས་སྤྱི་ལོ2017ལོར་ཀྲུང་གོར་འཚམས་འདྲི་ཞུས་པ་དེ་སྔར་བཞིན་གསལ་པོར་དྲན་གྱི་འདུག དེ་ནི་ང་རང་སྤྲོ་སྣང་ཆེ་ཤོས་ཀྱི་འཚམས་འདྲི་ཞིག་ཡིན། ངས་ཧང་སངས་དགོས་པའི་ཀྲུང་ཧྭའི་ཤེས་དཔལ་དང་ཀྲུང་གོར་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་མིག་མཐོང་ལག་ཟིན་བྱུང་། ང་ལ་ཀྲུང་གོ་དགྲར་འཛིན་པའི་བསམ་པ་མེད་པར། དེ་བས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཇེ་ལེགས་སུ་འགྲོ་བའི་རེ་བ་བྱེད་ཀྱི་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་བར་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱ་རྒྱུར་གཅེས་སྤྲས་བྱེད་ཀྱི་ཡོད་ལ། ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་འདུག ཐེ་རོན་ཧྥུས། ཨ་རིས་ཀྲུང་གོའི་བར་རྒྱལ་ཁབ་གཉིས་པོའི་འགོ་གཙོས་གཏན་འཁེལ་བྱས་པའི་རྩ་དོན་དང་ཁ་ཕྱོགས་ལྟར་ལས་དོན་ཧུར་ཐག་སྒྲུབ་ནས། མཐུན་་སྦྱོར་དང་། མཉམ་ལས། བརྟན་ལྷིང་བཅས་ཀྱིས་རྨང་གཞི་བྱས་པའི་ཨ་ཀྲུང་འབྲེལ་བར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་དང་། ཆབས་ཅིག་ཨ་ཀྲུང་འགོ་གཙོའི་ཐེངས་འདིའི་ཐུག་འཕྲད་ཀྱིས་ཨ་ཀྲུང་འབྲེལ་བ་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་གསུངས་འདུག
          དཔལ་འབྱོར་ཉོ་ཚོང་གི་གནད་དོན་ཐད། ཞི་ཅིན་ཕིང་གིས། རྩ་བའི་ཐོག་ནས་བཤད་ན། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་རེད། ཀྲུང་གོ་དང་ཨ་རིའི་བར་ཁེ་ཕན་གྱི་འབྲེལ་བ་རྒྱ་ཧ་ཅང་ཆེན་པོ་ཡོད། རྒྱལ་ཁབ་གཉིས་མཉམ་ལས་ཀྱི་རོགས་པ་ཡག་པོར་འགྱུར་དགོས་ངེས་ཡིན། དེ་ནི་ཀྲུང་གོར་ཕན་པ་ཞིག་རེད་ལ། ཨ་རིར་ཕན་པ་ཞིག་དང་། འཛམ་གླིང་ཧྲིལ་པོར་ཕན་པ་ཞིག་རེད། ཀྲུང་གོར་ཨ་རིའི་བར་མུ་མཐུད་དབྱེན་འབྱེད་གྲོས་མོལ་བྱས་ནས། འགལ་བར་བཏང་འཛིན་བྱེད་པའི་ལྷག་བསམ་ཡོད། ཡིན་ནའང་དབྱེན་འབྱེད་གྲོས་མོལ་ནི་འདྲ་མཉམ་ཞིག་ཡིན་པས། ཕན་ཚུན་བརྩི་བཀུར་བྱེད་པ་མངོན་པར་བྱས་ནས། རང་སོའི་ལུགས་མཐུན་གྱི་དོ་ཁུར་བྱ་གཞི་ཐག་གཅོད་བྱ་དགོས། ཀྲུང་གོའི་བདག་དབང་དང་ལ་རྒྱ་དང་འབྲེལ་བའི་གནད་དོན་ཐད། ཀྲུང་གོས་ངེས་པར་དུ་རང་ཉིད་ཀྱི་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ངེས་ཡིན། འཛམ་གླིང་གི་དཔལ་འབྱོར་མ་ལག་ཆེན་པོ་མདུན་གྲལ་གཉིས་ཡིན་པའི་ཆ་ནས། ཀྲུང་གོ་དང་ཨ་རིའི་འགལ་བ་དེ་སྐད་ཆ་ཤོད་རེས་དང་གྲོས་བསྡུར་བྱས་ནས་ཐག་གཅོད་བྱ་དགོས་པ་དང་། ཕྱོགས་གཉིས་ཀས་དང་ལེན་བྱེད་པའི་བྱ་ཐབས་ལ་བཙལ་ནས་ཐག་གཅོད་བྱ་དགོས་ཞེས་བསྟན་འདུག
          ཞི་ཅིན་ཕིང་གིས། ཀྲུང་གོས་ཨ་རི་ཕྱོགས་ནས་ཀྲུང་གོའི་ཁེ་ལས་དང་ཀྲུང་གོའི་ཕྱིར་སྡོད་སློབ་མར་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱི་དཔལ་འབྱོར་ཉོ་ཚོང་མ་འཇོག་གི་ལུགས་མཐུན་མཉམ་ལས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྒྱུན་གཏན་འགྲོ་འོང་ལ་འགན་སྲུང་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་འདུག 
          ཐེ་རོན་ཧྥུས། ཨ་རིས་གྲོས་མོལ་བརྒྱུད། རྒྱལ་ཁབ་གཉིས་པོའི་ཉོ་ཚོང་དོ་སྙོམ་ཐག་གཅོད་འོས་འཚམས་བྱས་ནས། རྒྱལ་ཁབ་གཉིས་པོའི་ཁེ་ལས་ལ་གཞུང་དྲང་གི་ཐོབ་ཐང་སྤྲོད་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཨ་རིས་སླར་ཡང་ཀྲུང་གོའི་ཕྱིར་གཏོང་ཐོན་རྫས་ཀྱི་སྒོ་ཁྲལ་སྤོར་རྒྱུ་མིན། ཀྲུང་གོའི་ཕྱོགས་ནས་ཨ་རི་ནས་ནང་འདྲེན་བྱེད་ཚད་མང་དུ་གཏོང་རྒྱུའི་རེ་བ་ཡོད། ཨ་རིས་ཀྲུང་གོའི་བར་གཉིས་ཀས་དང་ལེན་བྱེད་པའི་ཉོ་ཚོང་གྲོས་ཆོད་འཇོག་ཐུབ་རེ་བྱེད་ཀྱི་ཡོད། དེ་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་རེད་ཅེས་གསུངས་འདུག
          རྒྱལ་ཁབ་གཉིས་པོའི་འགོ་གཙོས་འདྲ་མཉམ་དང་ཕན་ཚུན་བརྩི་བཀུར་གྱི་རྨང་གཞིའི་ཐོག་དཔལ་འབྱོར་ཉོ་ཚོང་གི་གྲོས་བསྡུར་སླར་གསོ་བྱ་རྒྱུ་དང་། ཨ་རིས་སླར་ཡང་ཀྲུང་གོའི་ཐོན་རྫས་ནས་སྒོ་ཁྲལ་སྣོན་བསྡུ་མི་བྱེད་རྒྱུ། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་ཚོགས་པས་ཞིབ་ཕྲའི་གནད་དོན་ཐད་གྲོས་བསྡུར་བྱ་རྒྱུ་བཅས་ཀྱི་མོས་མཐུན་གནང་འདུག
          ཐེ་རོན་ཧྥུས། ཀྲུང་གོར་ཧ་ཅང་ཕུལ་དུ་བྱུང་བའི་སློབ་མ་མང་པོ་ཡོད། ངས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་སློབ་མ་ཨ་རིར་སློབ་སྦྱོང་ལ་ཡོང་རྒྱུར་དགའ་བསུ་ཞུ་བཞིན་ཡོད་ཅེས་གསུངས་འདུག
          ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་གིས་ཐའེ་ཝན་གནད་དོན་ཐད་འཛིན་པའི་རྩ་དོན་ལང་ཕྱོགས་རྒྱས་བཤད་གནང་བ་དང་། ཐེ་རོན་ཧྥུས། ཀྲུང་གོས་ཐའེ་ཝན་གནད་དོན་ཐད་དོ་ཁུར་བྱེད་པར་ངས་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཨ་རིས་མུ་མཐུད་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་གསུངས་འདུག
          ཞི་ཅིན་ཕིང་གིས་ཀྲུང་གོས་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་གནད་དོན་ཐད་འཛིན་པའི་རྩ་དོན་ལང་ཕྱོགས་བསྐྱར་བཤད་གནང་བ་དང་། ཀྲུང་གོས་ཨ་རི་དང་བྱང་ཁོ་རེ་ཡའི་འགོ་ཁྲིད་མི་སྣས་གླེང་མོལ་ཐུག་འཕྲད་རྒྱུན་འཁྱོངས་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཨ་རི་དང་བྱང་ཁོ་རེ་ཡ་ཕྱོགས་གཉིས་པོས་སྟབས་བསྟུན་གྱི་སྒོ་ནས་ཁ་ཕྱོགས་གཅིག་མཚུངས་སུ་བསྐྱོད་ཐོག གང་མགྱོགས་སྐད་ཆ་ཤོད་རེས་སླར་གསོ་བྱ་རྒྱུ་དང་། ཕན་ཚུན་གྱིས་དོ་ཁུར་བྱེད་གནད་ཐག་གཅོད་བྱེད་པའི་བྱ་ཐབས་རྙེད་པ་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོས་དེའི་ཆེད་དུ་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་གསུངས་པ་དང་། ཐེ་རོན་ཧྥུས། ཨ་རིས་ཀྲུང་གོས་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་གནད་དོན་ཐད་ནུས་པ་གལ་ཆེན་འདོན་པར་མཐོང་ཆེན་བྱེད་པ་དང་། ཀྲུང་གོའི་བར་གྱི་འབྲེལ་གཏུག་མཐུན་སྦྱོར་རྒྱུན་འཁྱོངས་བྱེད་འདོད་ཡོད་ཅེས་གསུངས་འདུག
          ཏིང་ཞོལ་ཞང་དང་། ལེའུ་ཧོ། ཡང་ཅེ་ཁྲེ། ཝང་དབྱིས། ཧེ་ལི་ཧྥེང་བཅས་དང་། དེ་བཞིན་ཨ་རིའི་རྒྱལ་དོན་བློན་ཆེན་ཧྥོང་ཧྥེ་ཨའོ་དང་། ནོར་སྲིད་པུའུ་ཀྲང་མུ་ནུ་ཆེན་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་པོ་མཇལ་འཛོམས་ནང་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།