ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ཡི་ཆས་སྤྲས་སྔོན་སྦྱོང་མཇུག་བསྒྲིལ་ནས་མི་འགྱངས་པར་དངོས་སུ་འཁྲབ་སྟོན་བྱ་རྒྱུ་ཡིན་པ།

སྤེལ་དུས 2019-08-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། གར་སྟེགས་མདུན་གྱི་ཐལ་མོ་རྡེབ་སྒྲ་དང་འགྲོགས་ཏེ། ཟླ་8ཚེས་9ཉིན་ལ་གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ཡི་ཆས་སྤྲས་སྔོན་སྦྱོང་མཇུག་སྒྲིལ་བ་རེད། ལོ་གཅིག་རིང་གི་སྒྲིག་བཟོ་དང་ཞིབ་ཕྲའི་ལེགས་སྒྲིག་བྱས་པ་བརྒྱུད། གར་སྟེགས་ཟློས་གར་དེ་མི་འགྱངས་པར་དངོས་སུ་འཁྲབ་སྟོན་བྱས་ནས་རྒྱ་ཆེའི་ལྟད་མོ་བ་དང་མཇལ་རྒྱུ་རེད། 

གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ཡི་ཆས་སྤྲས་སྔོན་སྦྱོང་གི་ཡུལ་དངོས།
གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ཡི་ཆས་སྤྲས་སྔོན་སྦྱོང་གི་ཡུལ་དངོས།

གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ཡི་ཆས་སྤྲས་སྔོན་སྦྱོང་གི་ཡུལ་དངོས།

གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ཡི་ཆས་སྤྲས་སྔོན་སྦྱོང་གི་ཡུལ་དངོས། 
          བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་རྣམ་གྲངས་ཤིག་ཡིན་པའི་ཆ་ནས། གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》དེ་བོད་ལྗོངས་ཀྱིས་གལ་ཆེ་བའི་འཛམ་གླིང་ཡུལ་སྐོར་གྱི་དམིགས་སར་འཛུགས་སྐྲུན་བྱེད་པ་དང་། ལྷ་ས་གྲོང་ཁྱེར་གྱིས་ནུས་ཤུགས་ཆེན་པོས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ། བོད་ལྗོངས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་རིན་ཐང་དང་བསམ་བློའི་ནང་དོན་མངོན་པར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཟློས་གར་འདིས་ནང་གི་གར་སྟེགས་ཟློས་གར་འཁྲབ་སྟོན་གྱི་རྣམ་པའི་ལམ་ནས་མཐོ་སྒང་གི་ནམ་ཟླའི་རྒྱུ་རྐྱེན་གྱི་ཚོད་འཛིན་གཏོར་ཏེ། ལྷ་སའི་ལོ་དུས་འཁོར་མོ་ཡུག་གི་ཡུལ་སྐོར་ལ་གསོན་ཤུགས་གསར་བ་ཞིག་བསྣན་པ་རེད། 
          གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ཡིས་ལོ་ངོ་1300ལྷག་གི་སྔོན་དུ། འུན་ཤིང་ཀོང་ཇོ་བོད་དུ་མནའ་མར་སླེབས་རྗེས། གྱིམ་ཤིང་ཀོང་ཇོ་སླར་ཡང་བོད་དུ་མནའ་མར་ཡོང་བའི་གཏམ་རྒྱུད་བརྗོད་ཡོད། དེ་དང་བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་སྙན་ངག་ཟློས་གར་ཆེན་མོ《འུན་ཤིང་ཀོང་ཇོ》ཡིས་འུན་ཤིང་ཀོང་ཇོ་བོད་དུ་ཕེབས་ལམ་གྱི་ནང་སེམས་ཀྱི་འགྲུལ་བཞུད་མཚོན་པ་དང་མི་འདྲ་བ་ནི། གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ཡིས་གྱིམ་ཤིང་ཀོང་ཇོ་བོད་དུ་སླེབས་རྗེས་ཀྱི་འཚོ་བ་དང་ཉམས་མྱོང་དངོས་མཚོན་ཡོད། གྱིམ་ཤིང་ཀོང་ཇོ་བོད་དུ་བཞུགས་དུས། ཤུགས་ཆེན་པོས་གསོ་རིག་དར་སྤེལ་དང་ཆུ་བེད་འཛུགས་བསྐྲུན། ཇ་རྟའི་ཚོང་ལམ་ཕྱེས་ཤིང་། མཐའ་མཚམས་ཀྱི་འབངས་མི་སེར་ལ་བདེ་དོན་སྒྲུབ་ཏེ། བོད་ཀྱི་དཔལ་འབྱོར་རིག་གནས་དང་ཞིང་ལས་ཐོན་སྐྱེད་སོགས་ལ་ཤུགས་རྐྱེན་ཟབ་མོ་བཞག་པས། བོད་མི་དམངས་ཀྱི་གུས་བཀུར་དང་བརྩེ་ཞེན་འཐོབ་པ་དང་། སླར་ཡང་བསྐལ་བའི་བར་དུ་དབྱངས་སུ་གྱེར་པའི་བོད་རྒྱ་མཐུན་སྒྲིལ་གྱི་ལོ་རྒྱུས་སྙན་ངག་ཅིག་བརྩམས་པ་རེད། 
          གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ནི་བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་སྙན་ངག་ཟློས་གར་ཆེན་མོ《འུན་ཤིང་ཀོང་ཇོ》ཡི་ཆ་འགྲིག་ཟློས་གར་ཞིག་ཡིན་པའི་ཆ་ནས། དུས་རབས་གསར་པའི་བོད་ཀྱི་རིག་གནས་དང་སྒྱུ་རྩལ་གྱི་གསར་གཏོད་འཕེལ་རྒྱས་མཚོན་ཡོད། ཟློས་གར་འདིས་སྔ་ན་མེད་པའི་འཁྲབ་སྟོན་གྱི་རྣམ་པ་དང་དེང་རབས་ཀྱི་བརྗོད་ཐབས་བརྒྱུད་ནས། གྱིམ་ཤིང་ཀོང་ཇོས་བོད་རྒྱ་གཉིས་ཀྱི་རིག་གནས་བརྗེ་རེས་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཐད་ལ་ཕུལ་བའི་ཧུར་བརྩོན་གྱི་སྣང་བརྙན་གསོན་ཉམས་དོད་པོ་བསྐྲུན་ཡོད། 
          གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ཡིས་བསམ་བློ་ཟབ་མོ་དང་སྒྱུ་རྩལ་བྱང་མ། སྒྲིག་སྦྱོར་ཞིབ་མོ་བཅས་ཀྱི་གཅིག་གྱུར་རྒྱུན་བསྐྱངས་ལ། བོད་མི་རིགས་ཀྱི་གདོད་མའི་རོལ་དབྱངས་དང་ཞབས་བྲོ། ཟློས་གར། ངག་རྒྱུན་ལ་སོགས་པའི་སྒྱུ་རྩལ་གྱི་རྣམ་པ་མང་པོ་གཞི་གཅིག་ཏུ་བསྡུས་ཏེ། རྒྱ་ཆེའི་ཡུལ་སྐོར་བ་དང་ལྟད་མོ་བར་བོད་ཀྱི་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་པ་དང་། མི་དམངས་ཀྱི་ཉིན་རེ་བཞིན་དུ་འཕེལ་རྒྱས་འགྲོ་བའི་བདེ་སྐྱིད་ཀྱི་འཚོ་བའི་དགོས་མཁོ་བསྐངས་ནས་ཕུན་སུམ་ཚོགས་པར་བཏང་ལ། ལྷ་སའི་གར་སྟེགས་ཟློས་གར་འཁྲབ་སྟོན་གྱི་ཁྲོམ་རའི་སྟོང་ཆ་བསྐངས་བར་མ་ཟད། བོད་ལྗོངས་ཀྱི་རིག་གནས་ཐོན་ལས་དང་རིག་གནས་འཛད་སྤྱོད་ཀྱི་གནས་གྱུར་ལ་སྐུལ་འདེད་བྱས་པ་རེད།