ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞིང་ལྗོངས་ལྔ་ནས་ཕེབས་པའི་གཞས་པ་གཞས་མ་80ལྷག་ཁྲི་གཤོག་རྒྱལ་མོའི་ལྷོ་ཕྱོགས་སུ་འཛོམས་ནས་ཡུལ་སྐད་གསུམ་གྱི་ལམ་ནས་བོད་ཀྱི་གདོད་མའི་མཛའ་གཞས་ལེན་སྟངས་འཁྲབ་སྟོན་བྱས།

སྤེལ་དུས 2019-08-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དོན་ཚེ།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སྤྱི་ཟླ་8པའི་ཚེས་20ཉིན་ཚེས་21ཉིན། སྤྱི་ལོ་2019ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ ༼  བོད་ཀྱི་གདོད་མའི་གླུ་གཞས་ལེན་སྟངས་ ༽ ཀྱི་མཛའ་གཞས་འཁྲབ་སྟོན་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་སྤེལ་བ་དང་། མཚོ་སྔོན་དང་བོད་ལྗོངས། ཡུན་ནན། ཟི་ཁྲོན། ཀན་སུའུ་བཅས་ཞིང་ལྗོངས་ལྔ་ནས་ཕེབས་པའི་གཞས་པ་གཞས་མ་80ལྷག་གིས་ཡུལ་སྐད་གསུམ་གྱི་ལམ་ནས་བོད་ཀྱི་གདོད་མའི་མཛའ་གཞས་ལེན་སྟངས་འཁྲབ་སྟོན་བྱས་ནས་ལྟད་མོ་བའི་ཡིད་དབང་ཅིག་ཅར་དུ་འཕྲོག་ཡོད་པ་རེད།

        ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་རྡོ་རྗེ་ལགས་ཀྱིས། བོད་ཀྱི་མཛའ་གཞས་དེ་ས་གནས་ཁག་གི་རྣམ་པ་མི་གཅིག་མོད། ཡིན་ཡང་བདེན་མཛེས་ལེགས་གསུམ་ལ་བསྟོད་པ་དང་ཡིད་ཀྱི་དུངས་པ་བརྗོད་ཚུལ་གཅིག་མཚུངས་ཡིན། རགས་རྩིས་བརྒྱབ་པར་གཞིགས་ན། དམངས་ཁྲོད་དུ་བོད་ཀྱི་མཛའ་གཞས་སམ་མཛའ་གླུ་ཆིག་འབུམ་ལྷག་ཡོད། ཡིན་ཡང་དེང་རབས་འཚོ་བའི་གོམ་བགྲོས་མགྱོགས་སུ་ཕྱིན་པ་དང་རོལ་རྩེད་ཀྱི་རྣམ་པ་སྟབས་ཇེ་བདེར་ཕྱིན་པའི་རྐྱེན་གྱིས། ངག་བརྒྱུད་ཀྱི་བོད་ཀྱི་མཛའ་གཞས་དེ་སྟོངས་ལ་ཉེ་བའི་མཚམས་སུ་སླེབས་ཡོད། རྒྱལ་ཁབ་ཀྱིས་སྤྱི་ལོ་2006ལོ་ནས་བཟུང་བོད་ཀྱི་གདོད་མའི་མཛས་གཞས་ལ་སྲུང་སྐྱོབ་བྱེད་པའི་བྱ་ཐབས་བཏོན་ནས་འཛམ་གླིང་གི་གཟུགས་འདས་ཤུལ་བཞག་རིག་གནས་འདིར་སྲུང་སྐྱོབ་དང་རྒྱུན་འཛིན་ཡག་པོ་བྱས་ཡོད། ཐེངས་འདིའི་བོད་ཀྱི་མཛའ་གཞས་འཁྲབ་སྟོན་དེ་ཡང་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་བོད་ཀྱི་ཡུལ་སྐད་གསུམ་གྱི་ལམ་ནས་གཅིག་བསྡུས་སྒོས་འཁྲབ་སྟོན་བྱེད་ཐེངས་དང་པོ་ཡིན། རིག་གནས་སྲུང་སྐྱོབ་དང་སྤེལ་རེས། ཡུལ་སྐད་སྤེལ་རེས་བཅས་གང་གི་ཆ་ནས་ཀྱང་དང་པོ་ཡིན་པས་གསར་གཏོད་རང་གཞིན་གྱི་དོན་སྙིང་གལ་ཆེན་ལྡན་ཟེར།

        ཐེངས་འདིའི་འཁྲབ་སྟོན་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་སྟེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འཁོར་བའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་གྲས་ཞིག་ཡིན་པ་དང་གཙོ་བོ་ཡུལ་སྐད་སོ་སོའི་རོལ་མོའི་བར་གྱི་སྤེལ་རེས་དང་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུའི་ཆེད་དུ་རེད།

        འགོ་ཚུགས་མཛད་སྒོའི་ཐོག མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའམ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པས་ཟློས་གར་འཁྲབ་སྟོན་བྱས་པ་དང་། དེ་ལས་མི་རིགས་ཞབས་བྲོ་དང་དམངས་གླུ། གེ་སར་སྒྲུང་། ཅིན་ཅུས་ཟློས་གར་སོགས་རིག་རྩལ་གྱི་རྣམ་པ་སྤྱད་པས་ཡུལ་དངོས་སུ་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ།

 

        སྤྱི་ཚེས་20ཉིན་གྱི་ཕྱི་དྲོ་ནས་བཟུང་ཞིང་ལྗོངས་ལྔའི་གཞས་པ་གཞས་མ་ཚོས་སྔ་རྗེས་སུ་ལྟད་མོ་བར་རྣམ་པ་མི་གཅིག་པའི་མཛའ་གཞས་ལེན་རེས་དང་རམ་འདེགས་རོལ་མོ་མེད་པའི་མི་གསུམ་གྱི་མཉམ་ལེན། གླུ་གར་འཁྲབ་སྟོན་སོགས་བྱས་ཤིང་འཁྲབ་སྟོན་བསྟུད་མར་ཉིན་གཉིས་ལ་བྱས་ཡོད་པ་རེད། མཛའ་གཞས་ནི་གནའ་སྔ་མོ་ནས་བོད་རིགས་དམངས་ཁྲོད་དུ་དར་ཁྱབ་ཧ་ཅང་ཆེ་བའི་ངག་ཐོག་རྩོམ་རིག་གམ་ཡང་ན་ཆེས་ཐོག་མའི་སྙན་ངག་གི་འབྱུང་ཁུངས་ལྟ་བུ་ཡིན་ལ། ཨ་མདོའི་ས་ཆར་དར་ཁྱབ་ཤིན་ཏུ་ཆེ་བའི་མཛའ་གཞས་ནི་གཞོན་ནུ་ཕོ་མོ་ཟུང་གིས་རང་གི་ནང་སེམས་ཀྱི་བརྩེ་དུང་དང་དགའ་སྐྱོ་ཆགས་སྡང་ཚིག་གི་ཕྲེང་བར་བརྒྱུས་ནས་གཙོ་བོ་ངག་གི་དབྱངས་རྟ་ལ་དྲངས་ནས་དྲི་བ་དྲིས་ལན་གྱི་ཚུལ་ལམ། ཡང་ན་དཔེ་དང་དཔེ་ཅན་གྱི་ཚུལ་གྱིས་ཁ་གསལ་ཞིང་གོ་བདེ་བའི་ལམ་ནས་ཕ་རོལ་བའི་སྙན་ལམ་དུ་འཇོག་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་རེད། ཀྲུང་གོའི་མི་རིགས་གྲངས་ཉུང་བའི་མཛའ་གཞས་བོད་སྐད་སྲོལ་རྒྱུན་ལེན་སྟངས་འདི་ལྟ་བུའི་རིག་གནས་ཀྱི་བྱ་འགུལ་མང་པོ་སྤེལ་བ་བརྒྱུད་ནས་ཕ་ཡུལ་མཚོ་ལྷོ་ས་ཆ་འདི་རིག་གནས་སྒྱུ་རྩལ་གྱི་གཤིན་ས་བཟང་བོ་ཞིག་ཏུ་འགྱུར་བར་རྨང་གཞི་བརྟན་པོ་བཏང་ནས་འཆམ་མཐུན་མཚོ་ལྷོ་གསར་བ་འཛུགས་སྐྲུན་བྱེད་པར་ཡིད་ཆེས་དང་སྤོབས་པ་ཆེན་པོས་ཁེངས་ཡོད་དོ།།

        ཐེངས་འདིའི་བྱེད་སྒོ་ནི་མཚོ་སྔོན་ཞིང་ཆེན་རིག་གནས་ལྗོངས་རྒྱུ་ཐིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། ཀྲུང་གོའི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གུང་གུང་ཧོ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་གླུ་བའི་མཐུན་ཚོགས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་འགན་སྒྲུབ་བྱས་པའི་གུང་ཧོ་རྫོང་གི་ ༼  མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་ངག་ལ་གྱེར་ནས། རླབས་ཆེན་མེས་རྒྱལ་གྱི་བཀའ་དྲིན་ཡིད་ལ་བཅངས་པ ༽ ཞེས་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་མཛའ་གཞས ༼  བོད་ཀྱི་གདོད་མའི་ལེན་སྟངས ༽ ཀྱི་བྱ་འགུལ་འདི་སྤེལ་བ་རེད།