ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སྤུས་དག་ཐང་ག་སིང་གྷ་ཕོར་དུ་འགྲེམས་སྟོན་བྱས་པ།

སྤེལ་དུས 2019-10-10 ཡོང་ཁུངས། རྨ་ལྷོ་བོད་ཡིག་ཚགས་པར་ལས་དྲངས། རྩོམ་པ་པོ།

        རྨ་ལྷོ་བོད་ཡིག་ཚགས་པར་གྱི་འཕྲིན།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་། སིང་གྷ་ཕོར་དང་ཚོང་འབྲེལ་བཙུགས་ནས་ལོ་ངོ200ལོན་པར་རྟེན་འབྲེལ་ཞུ་ཆེད། ཟླ10བའི་ཚེས6ཉིན།  སིང་གྷ་ཕོར་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་སྤུས་དག་ཐང་ག80འགྲེམས་སྟོན་བྱས།  

        འགྲེམས་སྟོན་བྱས་པའི་སྤུས་དག་ཐང་ག80ལས། ཐང་ག50རེབ་གོང་ནས་ཐོན་ཞིང་། དེ་དག་ནི་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་སློབ་དཔོན་ཤ་བོ་ཚེ་རིང་དང་ཁོང་གི་བུ་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་སློབ་དཔོན་དགེ་འདུན་དར་རྒྱས་གཉིས་ཀྱིས་བཞེངས་པ་ཤ་སྟག་ཡིན་པ་དང་། ཐང་ག30ནི་རྒྱ་གར་དང་བལ་བོ་རུ་བསམ་བློ་བརྗེ་རེས་བྱེད་བཞིན་པའི་བོད་ལྗོངས་ཀྱི་ལྷ་བཟོ་དང་། འབྲུག་ཡུལ་གྱི་ལྷ་བཟོས་བཞེངས་པ་རེད། དེ་དག་ལ་སྒྱུ་རྩལ་གྱི་རིན་ཐང་བླ་ན་མེད་པ་ལྡན་ཞིང་ཐང་ག་མི་ཉུང་བ་ཞིག་ནི་ཐོག་དང་པོར་འགྲེམས་སྟོན་བྱས་པ་རེད།  

        སིང་གྷ་ཕོར་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རིན་དང་སིང་གྷ་ཕོར་ཀྲུང་གོའི་ཡུལ་སྐོར་དོན་གཅོད་ཁང་གི་ཀྲུའུ་རིན་གྱི་འགན་གཅིག་ལྕོགས་སུ་བཞེས་པའི་ཞའོ་ཅང་ཧྭ་ཡིས་རྟེན་འབྲེལ་ཞུ་ཚིག་འབུལ་སྐབས་བསྟན་དོན།  ཐང་ག་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་ཁྲོད་ཀྱི་མཚོན་སྟངས་ཐུན་མོང་མ་ཡིན་པ་ཞིག་ཡིན་ཞིང་།  ཚོན་མདངས་བཀྲ་ལ་ཚོན་སྣའི་སྡེབ་སྦྱོར་ངོ་མཚར་ཆེ་བ།   མི་སྣའི་སྣང་བརྙན་མངོན་པར་གསལ་བ།ཆོས་ལུགས་ཀྱི་ནང་དོན་ཆེས་ཆེར་ལྡན་པས་ལས་རིགས་ཁག་ཏུ་དགའ་བསུ་འཐོབ་བཞིན་ཡོད་ལ།   བོད་ཀྱི་རིག་གནས་ཀྱི“ཤེས་བྱ་ཀུན་འདུས”སུ་བརྗོད། 2009ལོར་ཐང་ག་གཙོ་བོར་བྱས་པའི“རེབ་གོང་སྒྱུ་རྩལ”དེ་ཉིད་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱིས“མིའི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་འཐུས་ཚབ་མིང་ཐོའི”ནང་བཞག་ཡོད།    རེབ་འདིར་ལྟད་མོ་བ་རྣམས་ཀྱི་སྤྱན་ལམ་དུ་སྒྱུ་རྩལ་གྱི་གཤིས་ཉམས་མི་འདྲ་བའི་སྤུས་དག་ཐང་ག་འགྲེམས་སྟོན་བྱས་པ་མ་ཟད།  མུ་མཐུད་དུ་ཀྲུང་གོ་དང་སིང་གྷ་ཕོར་བར་གྱི་འབྲེལ་བ་ཇེ་བརྟན་དུ་བཏང་།
        ཀྲུང་གོའི་བཟོ་རྩལ་མཛེས་རྩལ་སློབ་དཔོན་ཆེན་མོའམ་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དགེ་འདུན་དར་རྒྱས་ཀྱིས་འགྲེམས་སྟོན་མཛད་སྒོའི་སྟེང་ཐང་ག་སྒྱུ་རྩལ་གྱི་ཆེད་དོན་འཆད་ཁྲིད་བྱས་པ་མ་ཟད། འགྲེམས་སྟོན་གྱི་ཡུལ་དངོས་སུ་ཐང་ག་བཞེངས་སྟངས་ཁྲིད་སྟོན་གནང་།  ལྟད་མོར་ཕེབས་པའི་བགྲེས་པོ་སྐུ་ཞབས་ཝུའུ་ལགས་ཀྱིས་བཤད་རྒྱུར། ཐེངས་འདིར་འགྲེམས་སྟོན་བྱས་པའི་ཐང་ག་དག་ནི་སྤུས་དག་ལ་ཚོན་མདངས་བཀྲ་བ་ལས་སྒྱུ་རྩལ་གྱི་ཐབས་རྩལ་ཚད་མཐོ་བ་མཚོན་འདུག་ཅེས་ཟེར།  
        ཐེངས་འདིའི་འགྲེམས་སྟོན་ནི་སིང་གྷ་ཕོར་ཀྲུང་གོའི་རིག་གནས་ལྟེ་གནས་དང་རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་སོགས་ལས་ཁུངས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་དང་།  ཟླ10བའི་ཚེས31ཉིན་བར་འགྲེམས་སྟོན་བྱ་རྒྱུ་རེད། 
རྩོམ་སྒྲིག་པ། སྣང་རྡོར།