ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་རྒྱ་གར་ཅིན་ནའེ་རུ་ཕེབས་འབྱོར་ཟིན་པ།

སྤེལ་དུས 2019-10-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
               ཞི་ཅིན་ཕིང་རྒྱ་གར་གྱི་ཅིན་ནའེ་རུ་ཕེབས་འབྱོར་ཟིན་ནས་ཀྲུང་གོ་དང་རྒྱ་གར་གྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཐུག་འཕྲད་ཐེངས་གཉིས་པར་ཞུགས་གནང་བ།

               ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས་11ཉིན་ཆེད་གཏོང་གནམ་གྲུར་བཞུགས་ནས་ཅིན་ནའེ་རུ་ཕེབས་འབྱོར་ཟིན་པ་དང་། རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་སྨོ་ཏིས་གདན་ཞུས་གནང་བ་ལྟར། ཀྲུང་གོ་དང་རྒྱ་གར་གྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཐུག་འཕྲད་ཐེངས་གཉིས་པར་ཞུགས་གནང་ཡོད།
               ས་གནས་དེ་གའི་དུས་ཚོད་ཕྱི་དྲོའི་ཆུ་ཚོད་2དང་སྐར་10ཙམ་ལ། ཞི་ཅིན་ཕིང་བཞུགས་སའི་ཆེད་གཏོང་གནམ་གྲུ་ཅིན་ནའེ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཕེབས་འབྱོར་ཟིན་ཡོད། ཞི་ཅིན་ཕིང་གནམ་གྲུའི་སྒོ་ནས་ཕེབས་སྐབས། རྒྱ་གར་ཐེ་སྨེར་རྣ་ཏི་མངའ་སྡེའི་འགོ་འཛིན་ཕུ་ལོ་ཞི་ཏེ་དང་། དབུ་བཞུགས་པུའུ་ཀྲང་ཕ་ལ་ཉི་སི་ཝ་སྨི་སོགས་གནམ་གྲུའི་སྐས་འཛེག་འགྲམ་དུ་ཕེབས་བསུར་བཅར་ནས། ཞི་ཅིན་ཕིང་ལ་མེ་ཏོག་སོས་པ་ཕུལ་ཡོད། ལུས་ལ་མི་རིགས་ཀྱི་གཟབ་མཆོར་སྤྲས་པའི་ས་གནས་དེ་གའི་མང་ཚོགས་ཀྱིས་གླུ་ལེན་གར་འཁྲབ་བྱས་ཤིང་། འགའ་རེས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་བྲམ་ཟེའི་རིགས་ཀྱི་ཞབས་བྲོ་འཁྲབ་པ་དང་། འགའ་རེས་རྐང་བརྫུས་ཤིང་རིང་གི་གར་འཁྲབ་པ། འཁྲབ་གྲུ་གཏོང་བ་སོགས་བྱས་ནས། ཀྲུང་གོའི་སྐུ་མགྲོན་ཕེབས་པར་དགའ་བསུ་གཟབ་རྒྱས་ཞུས་ཡོད།
               ཏེང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལེ་ཧྥེང་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ཏུ་བཞུགས་ནས་ཕེབས་འབྱོར་ཟིན་ཡོད།
               རྒྱ་གར་ལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་སུན་ཝེ་ཏུང་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད།
               ཞི་ཅིན་ཕིང་གི་ཕེབས་འཁོར་རུ་ཁག་གནམ་གྲུ་ཐང་ནས་གྲོང་ཁུལ་དུ་ཕེབས་པའི་ལམ་བར་དུ། ས་གནས་དེ་གའི་སློབ་གྲྭ་བ་དང་མང་ཚོགས་ཁྲོམ་ལམ་གཡས་གཡོན་དུ་ལངས་བ་དང་། ལག་ཏུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་སྨོ་ཏི་རྣམ་གཉིས་ཀྱི་སྐུ་པར་བཟུང་བ། ངག་ནས་ཀྲུང་གོ་དང་རྒྱ་གར་གཉིས་མཛའ་གྲོགས་ཡིན་ཞེས་དགའ་འབོད་བྱེད་བཞིན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་དགའ་བསུ་ཞུ་ལུགས་མཚོན་པར་བྱས་ཡོད།
               རྒྱ་གར་དུ་འཚམས་འདྲི་གནང་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་གིས་ད་དུང་ནེ་པ་ལར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།