ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱ་གར་གྱི་ཙུང་ལི་དང་དངོས་གཞི་མིན་པའི་ཐུག་འཕྲད་ཐེངས་གཉིས་པ་གནང་བ་དང་ནེ་པ་ལར་རྒྱལ་དོན་འཚམས་འདྲི་གནང་མཇུག་སྒྲིལ་རྗེས་ཞི་ཅིན་ཕིང་པེ་ཅིང་དུ་ཕྱིར་ལོག་གནང་བ།

སྤེལ་དུས 2019-10-14 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས་13ཉིན་རྒྱ་གར་གྱི་ཙུང་ལི་སྨོ་ཏི་དང་དངོས་གཞི་མིན་པའི་ཐུག་འཕྲད་ཐེངས་གཉིས་པ་གནང་བ་དང་ནེ་པ་ལར་རྒྱལ་དོན་འཚམས་འདྲི་གནང་མཇུག་སྒྲིལ་རྗེས་པེ་ཅིང་དུ་ཕྱིར་ལོག་གནང་ཡོད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན།  ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།  ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཏིང་ཞུའེ་ཞང་དང་།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན།  ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་ཡང་ཅེ་ཁྲི།  རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།  རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོ་ལི་ཧྥེང་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ཏུ་ཞུགས་ནས་ཕེབས་འབྱོར་ཟིན་ཡོད་པ་རེད།

          ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་13ཉིན་གྱི་ཉིན་གུང་། ཞི་ཅིན་ཕིང་ཀ་ཏ་མན་རྡུ་ནས་ཞལ་གྱེས་ཏེ་རྒྱལ་ནང་དུ་ཕྱིར་ལོག་གནང་ཡོད། ནེ་པ་ལའི་མང་ཚོགས་ཁྲི་སྟོང་མང་པོས་རང་འགུལ་ངང་ཁྲོམ་ལམ་ཐོག་ཡོང་ནས། གནམ་ཐང་དུ་བསྐྱོད་སའི་གཞུང་ལམ་གཡས་གཡོན་གཉིས་སུ་འདུ་འཛོམས་བྱས་པ་དང་། ཁོ་ཚོ་ཁག་ཅིག་གིས་ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱེད་པ་དང་། ཁག་ཅིག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པན་ཏ་ལའི་སྐུ་པར་དང་། དེ་བཞིན་ཀྲུང་གོ་དང་ནེ་པ་ལའི་མཛའ་གྲོགས་ཁྲི་ལོར་བརྟན་པ་ཤོག་ཅེས་པའི་སྦྱར་ཡིག་མཐོན་པོར་འདེགས་པ། ཁག་ཅིག་གིས་ནེ་པ་ལའི་མི་རིགས་ཀྱི་རོལ་ཆ་དཀྲོལ་གཏོང་བྱེད་པ། ཡང་ཁག་ཅིག་གིས་རྔ་རྡུང་རོལ་དཀྲོལ་བྱེད་པ་དང་། གཞས་དང་ཞབས་བྲོ་འཁྲབ་པ་བཅས་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་དག་པའི་གུར་བཀུར་ཞུ་ལུགས་མཚོན་པར་བྱས་ཡོད།
          པན་ཏ་ལིས་གནམ་ཐང་དུ་ཞི་ཅིན་ཕིང་ལ་དགའ་སྐྱེལ་ཞུ་བའི་མཛད་སྒོ་གཟབ་རྒྱས་གཉེར་ཡོད། ནེ་པ་ལའི་ཙུང་ཐུང་གཞོན་པ་ཕུའུ་ཨེན་དང་ཙུང་ལི་ཨའོ་ལི། རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཁང་གི་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་ཀྲུའུ་ཞི་ཏི་སྨིར་ཞི་ན། ནང་བློན་ཁང་གི་ཁོངས་མི་ཡོངས། དམག་ཕྱོགས་ཀྱི་མཐོ་རིམ་དམག་དཔོན་བཅས་དགའ་སྐྱེལ་མཛད་སྒོར་ཞུགས་ཡོད་པ་རེད།

          སྤྱི་ཟླ་10པའི་ཀ་ཏ་མན་རྡུ་ནི་ཉི་འོད་འཕྲབ་ཏུ་འཕྲོ་ཞིང་མཛེས་སྡུག་རྣམ་པར་བཀྲ། རི་བོ་ཧི་མ་ལ་ཡས་ནེ་པ་ལའི་མི་དམངས་ནས་ཀྲུང་གོའི་འགོ་ཁྲིད་བར་མཛའ་ཤེས་ཟབ་མོ་བཅངས་ལུགས་བདེན་དཔང་བྱེད་བཞིན་ཡོད། ཞི་ཅིན་ཕིང་གནམ་ཐང་དུ་ཕེབས་འབྱོར་ཟིན་རྗེས། ཙུང་ཐུང་པན་ཏ་ལིས་མདུན་དུ་ཕེབས་ནས་ཕེབས་བསུ་ཞུས་ཡོད།
          གཟབ་མཆོར་ལེགས་པར་སྤྲད་པའི་ནེ་པ་ལའི་སྒྱུ་རྩལ་མཁས་པ་ཚོས་གླུ་ལེན་གར་འཁྲབ་བྱེད་པ་དང་། ན་ཆུང་བྱིས་པ་ཚོས་ལག་ཏུ་ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་ཁྱེར་བཞིན། རྒྱ་སྐད་ཐོག་ནས་སྤོ་ཞི་ལགས་རྗེས་སུ་མཇལ་ཡོང་། ང་ཚོ་ཁྱེད་རང་ལ་དགའ། ཁྱེད་རང་སླར་ཡང་ནེ་པ་ལར་འཚམས་འདྲིར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་དགའ་འབོད་བྱས་ཡོད།
          ཞི་ཅིན་ཕིང་ནས་དགའ་སྐྱེལ་ཞུ་བར་ཡོང་བའི་མང་ཚོགས་ལ་ཕྱག་གཡུག་གཡུག་ཡང་སེ་གནང་སྟེ་གུས་ལན་ཞུས་ཡོད། པན་ཏ་ལིའི་ཕེབས་རོགས་ཕོག་ཞི་ཅིན་ཕིང་གཟིགས་ཞིབ་སྟེགས་བུར་འཛེགས་གནང་ཡོད། དམག་དཔུང་རོལ་ཆ་ཚོགས་པས་ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་བྱས་པ་དང་། རྟེན་འབྲེལ་མེ་སྒྱོགས་ཀྱི་སྒྲ་21གྲགས་ཡོད།
          ཞི་ཅིན་ཕིང་གིས་ནེ་པ་ལའི་མི་རིགས་རོལ་དབྱངས་དང་ཕྲུ་གུ་ཚོའི་དགའ་འབོད་ཁྲོད་ནེ་པ་ལའི་ཕྱོགས་ཀྱི་མཐོ་རིམ་དཔོན་རིགས་ཚོ་དང་རེ་རེ་བཞིན་ཕྱག་བཏང་གནང་ནས་ཞལ་གྱེས་ཞུས་ཡོད། པན་ཏ་ལིས་ཀྲུང་གོའི་ཕྱོགས་ཀྱི་ཕེབས་རོགས་མི་སྣ་ཚོ་དང་ཕྱག་བཏང་གནང་ཡོད་པ་རེད།
          པན་ཏ་ལིས་ཁོང་གི་སྲས་མོ་ཝུའུ་ཧྲ་ཁྲིད་དེ་གནམ་གྲུའི་སྐས་འཛེགས་འགྲམ་དུ་ཕེབས་སྐྱེལ་ཞུ་བར་བཅར་ཡོད་པ་དང་། སྲས་མོ་ཝུའུ་ཧྲ་ནས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ་ཡོད། ཞི་ཅིན་ཕིང་གིས་པན་ཏ་ལི་དང་མཛའ་བརྩེའི་ངང་ཞལ་གྱེས་གླེང་མོལ་ཞུས་ཡོད། ཞི་ཅིན་ཕིང་གིས། ད་ཐེངས་ང་རང་ནས་ནེ་པ་ལར་འཚམས་འདྲི་ཞུས་པ་ལེགས་སྒྲུབ་ཆེན་པོ་བྱུང་སོང་། ང་རང་ནེ་པ་ལར་འབྱོར་མ་ཐག་ནེ་པ་ལའི་སྲིད་གཞུང་དང་མི་དམངས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་བྱུང་། ནེ་པ་ལའི་ལས་རིགས་ཁག་གི་མི་སྣ་དང་མི་དམངས་མང་ཚོགས་ཀྱི་ལྷག་བསམ་དག་པ་དང་འཛུམ་དམུལ་དམུལ་གྱི་རྣམ་པ་ལས། ཀྲུང་གོ་དང་ནེ་པ་ལའི་མཛའ་གྲོགས་མི་སེམས་སུ་གཏིང་ཟབ་ཟུག་པའི་མྱོང་ཚོར་ཟབ་མོ་བྱུང་ལ། ཀྲུང་གོ་དང་ནེ་པ་ལའི་སྲོལ་རྒྱུན་མཛའ་གྲོགས་སྔར་བས་སྲ་བརྟན་དུ་འགྲོ་ངེས་ཡིན་པའི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་སོང་། ཙུང་ཐུང་མཁྱེན་ལྡན་མ་དང་ནེ་པ་ལའི་སྲིད་གཞུང་དང་མི་དམངས་ནས་ཐེངས་འདིའི་འཚམས་འདྲིའི་ཆེད་བཀོད་སྒྲིག་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐེངས་འདིའི་འཚམས་འདྲིས་ཀྲུང་གོ་དང་ནེ་པ་ལའི་འབྲེལ་བ་ཟབ་ཏུ་ཕྱིན་པས་ང་རང་བློ་ཡིད་འཚིམ་པོ་བྱུང་། ང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ནེ་པ་ལའི་མཛའ་གྲོགས་རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།
          པན་ཏ་ལིས། སྐུ་ཉིད་འཚམས་འདྲིར་ཕེབས་པ་ནི་ནེ་པ་ལའི་མི་དམངས་ཡོངས་ཀྱི་གཟི་བརྗིད་ཡིན། ང་ཚོ་སྙིང་དབུས་ནས་དགའ་སྤྲོ་ཆེན་པོ་བྱུང་། འཚམས་འདྲི་གནང་བ་ལེགས་སྒྲུབ་བྱུང་བ་དང་གཡུར་ཟའི་གྲུབ་འབྲས་ཐོབ་ནས། ནེ་པ་ལ་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ལ་འགྱུར་རྒྱུ་དང་། ནེ་པ་ལ་དང་ཀྲུང་གོའི་འབྲེལ་བ་དུས་དེ་ནས་བཟུང་དུས་རབས་གསར་པ་དང་མཐོ་ཚད་གསར་པར་སླེབས་རྒྱུ་ཡིན་པས། ནེ་པ་ལའི་རྒྱལ་ཁབ་གོང་འོག་ཚང་མར་སྐུལ་མ་ཐེབས་པ་དང་སྤྲོ་བ་རབ་ཏུ་འཕེལ་ཡོད། ནེ་པ་ལ་ཕྱོགས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཕྱོགས་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་ཁྱིམ་མཚེས་མཛའ་གྲོགས་དང་འཐབ་ཇུས་མཉམ་ལས་ཀྱི་རོགས་པའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
རྩོམ་སྒྲིག་པ། བོ་དོང་བདེ་སྒྲོལ།