ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་རང་སྐྱོང་ལྗོངས་སྤུས་ཚད་མཐུན་ཚོགས་ཀྱིས་དུད་ཚང་དབུལ་པོའི་སློབ་མར་རིན་མེད་ངང་མིག་ཤེལ་སྒྲིག་སྦྱོར་བྱེད་པའི་བྱེད་སྒོ་སྤེལ་བ།

སྤེལ་དུས 2019-12-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།


          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཚེས5ཉིན། བོད་རང་སྐྱོང་ལྗོངས་སྤུས་ཚད་མཐུན་ཚོགས་དང་། བོད་ལྗོངས་མཐོང་རྒྱ་གསར་པའི་མིག་ཤེལ་ཚད་ཡོད་ཀུང་སིའི་འབྲེལ་ཡོད་ལས་དོན་མི་སྣ་ལྷུན་གྲུབ་རྫོང་སུའུ་ཀྲོའུ་སློབ་ཆུང་དུ་བསྐྱོད་དེ། དུད་ཚང་དབུལ་པོའི་སློབ་མ70ལ་རིན་ཐང་སྒོར་ཁྲི5.5ཟིན་པའི་རྒྱང་སྒྲིབ་མིག་ཤེལ་སྤྲད་པ་རེད། རང་སྐྱོང་ལྗོངས་སྤུས་ཚད་མཐུན་ཚོགས་ཀྱི་ཚོགས་གཙོ་ནོར་བུས་ངོ་སྤྲོད་བྱས་པ་ལྟར་ན། ད་ཐེངས་རིན་མེད་ངང་མིག་ཤེལ་ཞིབ་བཤེར་དང་སྒྲིག་སྦྱོར་བྱེད་པའི་བྱེད་སྒོ་ནི་ཚོང་འགན་གཙང་ལེན་དངུལ་ཁང་གི་ཐེབས་རྩ་ལྷན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་དབུལ་སྒྲོལ་འགག་སྒྲོལ་ནང་ཞུགས་པ་དང་རྩ་འཛུགས་བྱ་བར་རྒྱབ་སྐྱོར་བྱེད་པའི་དཔེ་སྟོན་རྣམ་གྲངས་མ་དངུལ་དང་།  རང་སྐྱོང་ལྗོངས་སྤུས་ཚད་མཐུན་ཚོགས་ཀྱི་རང་གྲབས་མ་དངུལ་གྱི་ཁྲོད་ནས་ཕུད་པ་རེད་ཅེས་བཤད། 

          ཤེས་རྟོགས་བྱུང་བ་ལྟར་ན། རང་སྐྱོང་ལྗོངས་སྤུས་ཚད་མཐུན་ཚོགས་ཀྱིས་ཐོག་མར་ལྷུན་གྲུབ་རྫོང་སུའུ་ཀྲོའུ་སློབ་ཆུང་གི་ཁྱིམ་ཚང་དབུལ་པོའི་སློབ་མར་རིན་མེད་ངང་མིག་ཤེད་ཚད་ལེན་དང་འོད་ལ་བརྟག་དཔྱད་བྱས་ཤིང་། དེའི་ཁྲོད་སློབ་མ་70ཡིས་མིག་ཤེལ་གོན་དགོས་པའི་བརྟག་དཔྱད་བྱས་པ་རེད། དེ་རྗེས་རང་སྐྱོང་ལྗོངས་སྤུས་ཚད་མཐུན་ཚོགས་ཀྱིས་བོད་ལྗོངས་ཀྱི་མཐོང་རྒྱ་གསར་པའི་མིག་ཤེལ་ཚད་ཡོད་ཀུང་སིར་མངགས་བཅོལ་བྱས་ནས་ཕྲུ་གུ་ཚོར་རང་དང་འཚམ་པའི་མིག་ཤེལ་བཟོས་པ་རེད། 

          བྱིས་པ་ཚོས་ཡང་དག་པའི་སྒོ་ནས་རང་ཉིད་ཀྱི་ཏུའུ་གྲངས་དང་མཐུན་པའི་མིག་ཤེལ་ལེན་ཐུབ་ཆེད། ལས་དོན་མི་སྣས་ཞིབ་བསྡུར་ནན་ཏན་དང་ཡང་དག་བྱས་རྗེས་ཕྲུ་གུ་ཚོར་མིང་རྟགས་བཀོད་ནས་མིག་ཤེལ་ལེན་དུ་བཅུག“འདི་ནི་ལོ་རིམ་ལྔ་པའི་འཛིན་གྲྭ་གཉིས་པའི་བསྟན་འཛིན་མཚོ་མོའི་མིག་ཤེལ་རེད། མིག་ཤེལ་གྱི་སྒམ་ཆུང་ནང་དུ་མིག་ཤེལ་བདག་སྐྱོང་བྱེད་པའི་བྱང་བུ་དང་། མིག་ཤེལ་གྱི་ཏུའུ་གྲངས་སོགས་ཀྱི་གསལ་བཤད་ཡོད། དཔང་ཡིག་དེ་ལ་བརྟེན་ནས་མཐོང་རྒྱ་གསར་པའི་ཤེལ་མིག་ཚོང་ཁང་དུ་སོང་ནས་རིན་མེད་ངང་མིག་ཤེལ་ལ་གཙང་འཁྲུད་དང་ཞིག་བཟོ་བྱེད་ཆོག”ཅེས་མཐོང་རྒྱ་གསར་པའི་མིག་ཤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བས་བཟོས་ཟིན་པའི་མིག་ཤེལ་ལག་ཏུ་བཟུང་ནས་མིག་ཤེལ་ལེན་མཁན་གྱི་སློབ་མར་དེ་ལྟར་བཤད། བོད་ལྗོངས་མཐོང་རྒྱ་གསར་པའི་མིག་ཤེལ་ཚད་ཡོད་ཀུང་སིའི་མཐོ་རིམ་ཞིབ་དཔྱད་པས་ཀྱང་སློབ་མ་ཚོར་མིག་ཤེལ་གྱི་བདག་སྐྱོང་བྱེད་ཐབས་ངོ་སྤྲོད་བྱས་པ་དང་འབྲེལ་ཁོང་ཚོར་མིག་སྤྱོད་པའི་གོམས་གཤིས་བཟང་པོ་ཞིག་ཆགས་ནས་གློག་རྡུལ་ཐོན་རྫས་ལ་ཉུང་ཙམ་རྩེད་རྒྱུའི་བསླབ་བྱ་གནང་། 
          བྱིས་པ་ཚོས་དགའ་སྤྲོའི་ངང་མིག་ཤེལ་གྱོན་པ་དང་། སེམས་ལ་བརྗོད་ཐབས་བྲལ་བའི་སྤྲོ་སྣང་རབ་ཏུ་རྒྱས། མིག་ཤེལ་སྤྲད་རྗེས་ལྷུན་གྲུབ་རྫོང་སུའུ་ཀྲོའུ་སློབ་ཆུང་གི་སློབ་གཙོས་རོགས་སྐྱོར་ཐོབ་པའི་སློབ་མའི་ཚབ་ཞུས་ཏེ་རང་སྐྱོང་ལྗོངས་སྤུས་ཚད་མཐུན་ཚོགས་དང་། བོད་ལྗོངས་མཐོང་རྒྱ་གསར་པའི་མིག་ཤེལ་ཚད་ཡོད་ཀུང་སིར་གོས་དར་སྤྲད་པ་རེད། ནོར་བུས་རང་སྐྱོང་ལྗོངས་སྤུས་ཚད་མཐུན་ཚོགས་ཀྱིས་དེ་སྔོན་ཡང་ས་གནས་ཁག་དང་སློབ་གྲྭ་སོ་སོར་བྱེད་སྒོ་དེ་རིགས་སྤེལ་བས། སྤྱི་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད་པ་དང་། སླད་ཕྱིན་ཡང་བྱེད་སྒོ་དེ་རིགས་མུ་མཐུད་སྤེལ་རྒྱུ་ཡིན་ཞེས་བཤད།