ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཡར་འབྲོག་གཡུ་མཚོའི་འགྲམ་གྱི་ཕོ་རྒོད།

སྤེལ་དུས 2020-01-20 ཡོང་ཁུངས། སེམས་ཀྱི་ཞིང་ཁམས་འཕྲིན་སྟེགས་ལས། རྩོམ་པ་པོ།
       ཏང་དང་རྒྱལ་ཁབ་ཀྱི་དམངས་ཕྱུག་སྲིད་ཇུས་ལ་བརྟེན་ནས་ཕྱུག་པོ་ཆགས་པའི་འབྱོར་པ་རྡོ་རྗེས་ཐོག་མའི་བསམ་འདུན་མ་བརྗེད་པར་དྲིན་ཚོར་སེམས་ལ་བཅངས་ནས། ལོ་ངོ་༢༨ལྷག་ཉིན་གཅིག་ལྟར་གྲོང་མིའི་སྣེ་ཁྲིད་ནས་ཕྱག་ལས་གནང་སྟེ། མི་མང་པོས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུར་ཁྲིད་སྟོན་བྱས་པ་རེད།

འབྱོར་པ་རྡོ་རྗེ། (གཡས་ནས་རྩིས་པའི་གསུམ་པ)

       དེ་སྔོན་སྣ་དཀར་རྩེ་རྫོང་གི་གྲམ་མདའ་ཤང་གྲམ་མདའ་གྲོང་ཚོ་ནི་འགྲིམ་འགྲུལ་སྟབས་བདེ་མེད་ཅིང་། ཐོན་ལས་མེད་པའི་གྲོང་ཚོ་ཞིག་ཡིན། འབྱོར་པ་རྡོ་རྗེ་རྫོང་དེའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཡིན་པའི་ངོས་ནས་མ་དངུལ་སྒོར་༥༠༠༠གཡར་ནས་གྲོང་ཚོའི་ནང་འཐག་སླས་མཉམ་ལས་ཁང་ཞིག་བཙུགས་པ་རེད།  གྲོང་མི་ཚོ་མཉམ་ལས་ཁང་དུ་ལས་ཀ་བྱེད་པར་ཡོང་ན་ཉིན་གླ་སྤྲོད་ཀྱི་ཡོད་པ་དང་། འཐག་སླས་ལས་ཀ་རང་ཁྱིམ་དུ་བྱས་ན་ཐོན་སྐྱེད་བྱས་པའི་ཅ་དངོས་ལ་གཞིགས་ནས་རྩིས་རྒྱག་གི་ཡོད། མཉམ་ལས་ཁང་འདིས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་དུས་མཚུངས།  ད་དུང་གྲོང་གསེབ་ཀྱི་ངལ་ནུས་ལྷག་མ་གནས་སྒྱུར་ལས་ཞུགས་ཐུབ་པར་བྱས་ཏེ། མང་ཚོགས་རྒྱུན་བསྲིངས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།


       ཟུང་བརྐྱངས་ནས་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ཏེ། གྲམ་མདའ་ཤང་དུ་འཐག་སླས་བཟོ་གྲྭ་དེ་བཙུགས་པ་རེད། ཏང་གི་བཀའ་དྲིན་ཚོར་ཆེད་འབྱོར་པ་རྡོ་རྗེས་འཐག་སླས་བཟོ་གྲྭའི་ནང་གྲམ་མདའ་གྲོང་ཚོའི་དབང་པོ་སྐྱོན་ཅན་དང་། ཕྱི་ཕྱོགས་ལ་ལས་ཀར་འགྲོ་མི་ཐུབ་པའི་བུད་མེད་ཚོར་རང་ཁྱིམ་གྱི་སྒོ་འགྲམ་ནས་དངུལ་སྨར་བསོག་པའི་གར་སྟེགས་ཤིག་བསྐྲུན་པ་རེད།  ད་ཆ་འཐག་སླས་བཟོ་གྲྭའི་ལས་སྒོའི་ཡོང་འབབ་ཡང་ཧ་ཅང་བཟང་པོ་ཡོད་པ་དང་། ཚོང་ཟོག་ཁག་ཅིག་ལྗོངས་ཕྱི་ནང་ལ་འཚོང་བཞིན་ཡོད།
       སྤྱི་ལོ༡༩༩༤ལོར་འབྱོར་པ་རྡོ་རྗེས་གོང་རིམ་གྱི་རིག་གནས་ཤུལ་བཞག་ལ་མཐོང་ཆེན་བྱེད་པའི་གོ་སྐབས་བཟང་པོ་དམ་འཛིན་དང་། དམངས་ཀྱི་རིག་གནས་བསམ་བློའི་དགོས་མཁོར་གཞིགས་ཏེ། ཡར་འབྲོག་སྲོལ་རྒྱུན་སྒོར་གཞས་ཚོགས་པ་དེ་བཙུགས་གནང་བར། མང་ཚོགས་ལ་བསམ་པའི་རྒྱག་ཕྱེ་ཕུན་སུམ་ཚོགས་པ་སྤྲོད་ཐུབ་པར་བྱུང་ཡོད་ལ། སྤྱི་ལོ༢༠༡༠ལོར་ཚོགས་པ་དེ་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ནང་ཚུད་པ་རེད།

  མཉམ་ལས་ཁང་དུ་ལས་ཀ་བྱེད་བཞིན་ཡོད་པའི་ཟླ་བ་དང་སྐལ་ལྡན་ནི་མ་གཞི་དབང་པོ་སྐྱོན་ཅན་ཡིན་རུང་། དབུལ་སྐྱོར་གནད་འཕིགས་སྲིད་ཇུས་ཀྱི་རོགས་རམ་འོག་གྲམ་མདའི་ཁེ་ལས་ནང་ཞུགས་ནས། ལག་རྩལ་ཁོང་དུ་ཆུད་པ་དང་། ཟླ་རེར་ཁེ་ལས་དེའི་ནང་གླ་ཆ་ཡང་སྒོར་༦༠༠༠ཡན་ཟིན་གྱི་ཡོད་པ་རེད།   ཁེ་ལས་དེའི་ནང་ཟླ་བ་དང་སྐལ་ལྡན་འདྲ་བའི་དབང་པོ་སྐྱོན་ཅན་གྱི་ལས་མི་༡༦ཡོད་ཅིང་། ཁོ་ཚོས་རང་ཁྱིམ་གྱི་སྒོ་འགྲམ་དུ་ཡོད་པའི་ཁེ་ལས་དེའི་ནང་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད།

       ཕྱུག་པོ་ཆགས་པའི་འབྱོར་པ་རྡོ་རྗེས་མང་ཚོགས་རྣམས་མ་བརྗེད་པར་བཟོ་གྲྭའི་ནང་མང་ཚོགས་༦༥ལྷག་ལས་ཞུགས་ཐུབ་པར་བྱས་ཁར། ལོ་མང་ནང་ལོ་ལྟར་རིན་མི་དགོས་པར་མང་ཚོགས་ཚོར་འཐག་སླས་དང་ཤིང་བཟོ། ཚོན་གཏོང་སྟངས་སོགས་སྦྱོང་བརྡར་བྱེད་ཀྱི་ཡོད། གྲམ་མདའ་ཤང་དམངས་གཉེར་ཁེ་ལས་ནས་ལག་རྩལ་སྦྱངས་ཏེ། སློབ་མཐར་ཕྱིན་པའི་མང་ཚོགས་ཁག་ཅིག་ད་ལྟ་རྫོང་གྲོང་དུ་ལས་ཞུགས་ཐུབ་ཡོད་པ་དང་། ཁག་ཅིག་གིས་ཕ་ཡུལ་དུ་འཐག་སླས་དང་ཚོང་ཁང་།  ཟ་ཁང་སོགས་བཙུགས་ཡོད། 

       ད་ཆ། གྲམ་མདའ་ཤང་ཁེ་ལས་ལ་གཏན་འཇག་མ་རྩ་སྒོར་ཁྲི་༦༥༠ལྷག་ཙམ་ཡོད་ཅིང་། ད་བར་སྤྱི་ཚོགས་ཕན་བདེའི་བྱ་གཞག་ལ་དངུལ་སྨར་སྒོར་ཁྲི་༤༧ལྷག་བཏང་ཡོད་པ་རེད།   མིག་རྒྱང་རིང་ཞིང་དམངས་ལ་བརྩེ་བའི་ཕོ་རྒོད་འབྱོར་པ་རྡོ་རྗེས་མ་འོངས་མི་ཚེའི་ནང་། སྔར་ལས་ལྷག་པའི་སྒོ་ནས་ངལ་རྩོལ་དཔེ་བཟང་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཕ་ཡུལ་གྱི་སྲོལ་རྒྱུན་རིག་གནས་དང་འཁལ་འཐག་འདི་ཉིད། མང་ཚོགས་ཀྱི་ཐོན་འབབ་འཕར་བའི་ཐོན་ལས་སུ་འགྱུར་བ་གནང་གི་ཡིན་ཞེས་གསུངས་ཀྱི་འདུག
རྩོམ་སྒྲིག་པ།སྣང་རྡོར།