ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

【ལོ་སར་སྐབས་གཞི་རིམ་དུ་བསྐྱོད་པ།】གང་ནས་སྐྱིད་ན་དེ་ནི་ཕ་ཡུལ་ཡིན།

སྤེལ་དུས 2020-01-20 ཡོང་ཁུངས། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ངས་དབྱང་སུང་ཐོག་མར་མཐོང་དུས་ནི་བྱང་ཀོག་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་ཡིན་ཞིང་། ཁོས་ཁྱིམ་མཚེས་རྣམས་དང་མཉམ་དུ་ཉི་མར་ལྡེ་བཞིན་ཁ་བརྡ་བྱེད་ཞོར་བོད་རང་སྐྱོང་ལྗོངས་ཀྱི་སྙན་ཚིག་ཆ་ཡིག་མཉམ་འབྲེལ་སློབ་ཚོགས་ཀྱིས་གནང་བའི་ཡིག་གཟུགས་བརྩམས་ཆོས་ལེན་རྒྱུར་སྒུག་བཞིན་འདུག  བྱང་ཀོག་གྲོང་ཚོ་ནི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་རེ་ས་ཤང་དུ་གནས་ཤིང་། གྲོང་འདབས་ཀྱི་ཐང་ཆེན་དུ་ཡུལ་སྐོར་བ་གྲངས་མེད་ཀྱིས་པར་བླངས་མྱོང་བའི“རྒྱལ་ལམ་318ཀྱི་སྤྱི་ལེ5000ཡི་ལམ་ཚད་རྡོ་རིང”ཞེས་དེས་མི་རྣམས་ལ་གྲོང་ཚོ་འདི་ཤེས་སུ་བཅུག་པ་རེད། 

བྱང་ཀོག་གྲོང་ཚོ། 
          སི་ཁྲོན་དབྱི་པིན་ནས་ཡོང་བའི་དབྱང་སུང་ལ་མཚོན་ན། བར་ཐག་ཅེས་པའི་ཐ་སྙད་འདིར་མྱོང་ཚོར་ཟབ་མོ་ཞིག་བྱུང་ཡོད་དེ། ལོ་བཅུ་དྲུག་གི་ཡར་སྔོན་དུ། དབྱང་སུང་ཁོའི་ཕ་མ་གཉིས་དང་མཉམ་དུ་སྤྱི་ལེ་2000ལྷག་ཙམ་བརྒལ་ནས་བྱང་ཀོག་གྲོང་ཚོར་ཡོང་སྟེ་ལས་གྲྭའི་འཛུགས་སྐྲུན་ནང་དུ་ཞུགས། དེང་ཐོག་འཚོ་གནས་ཀྱི་ཆེད་དུ་གནས་འདིར་ཡོང་བ་ཡིན་མོད། ས་ཆ་འདི་ཁོའི་ཕ་ཡུལ་གཉིས་པར་གྱུར་འགྲོ་བ་བསམ་པའི་རྒྱུད་ལའང་ཤར་མྱོང་མེད། 
          སྐབས་དེར་ལས་ཀའི་དུས་ཡུན་ཅུང་རིང་བའི་དབང་གིས། དབྱང་སུང་དང་ཁོའི་ནང་མི་རྣམས་གནས་སྐབས་སུ་བྱང་ཀོག་གྲོང་ཚོར་གནས་བཅས་ཏེ་བསྡད། འདུག་ཡུན་ཇེ་རིང་དུ་སོང་བ་དང་བསྟུན་ནས། ལོ་ན་ཉི་ཤུར་སོན་པའི་རྒྱ་རིགས་ཕོ་གསར་འདི་རིམ་གྱིས་ལོ18ལ་སླེབས་པའི་ཁྱིམ་མཚེས་ཚང་གི་བོད་རིགས་བུ་མོ་བཟང་མོའི་སྟེང་དུང་བ་སྐྱེས་བྱུང་། ལོ་བཅུ་དྲུག་སྔོན་གྱི་བྱང་ཀོག་གྲོང་ཚོ་རུ། བཟང་མོ་ཚང་མ་གཏོགས་བརྙན་འཕྲིན་མེད་པས། དབྱང་སུང་གིས་བརྙན་འཕྲིན་ལ་ལྟ་རྒྱུར་ཁ་གཡར་ནས་རྒྱུན་དུ་བཟང་མོའི་ཁྱིམ་དུ་སོང་ནས་བཟང་མོར་ཆུ་འཁུར་རོགས་དང་། ནོར་ལུག་འཚོ་རོགས་བྱས་པས། ན་གཞོན་ཕོ་མོ་གཉིས་ཀྱི་བར་ལའང་བཞིན་བརྩེ་དུང་གི་མྱུ་གུ་འབུས་བྱུང་ལ། ཏག་ཏག་ཕྱོགས་གཉིས་ཀྱི་ཕ་མ་གཉིས་ཀྱང་ཁོ་གཉིས་འགྲོ་འོང་བྱ་རྒྱུར་མོས་མཐུན་བྱུང་བས། མཐར་ཁོ་གཉིས་ཀྱིས་ཤང་ནང་ནས་གཉེན་སྒྲིག་ལག་ཁྱེར་དཔང་ཡིག་བླངས་ཏེ་དངོས་སུ་གཉེན་སྒྲིག་བྱས་ནས་བཟའ་ཚང་དུ་གྱུར་པ་རེད། 

དབྱང་སུང་(གཡོན)དང་བཟང་མོ་(གཡས་)གཉིས་ཀྱིས་ཟ་ཁང་ནང་དུ་ཟས་རིགས་གྲ་སྒྲིག་བྱེད་པའི་རྣམ་པ། 
          དབྱང་སུང་གི་ཕ་ཡུལ་དབྱི་པིན་གྱི་གོམས་སྲོལ་ལྟར་ན། གཉེན་སྒྲིག་བྱེད་ན་ངེས་པར་དུ་འབུལ་རྟེན་སྤྲོད་དགོས། དབྱང་སུང་གིས་ད་ལྟའང་སྐབས་དེར་བཟང་མོའི་ཨ་ཕས་བཤད་པའི་སྐད་ཆ་ཚིག་གཅིག་ཡིད་ལ་བཟུང་ཡོད་དེ།  དེ་ནི“ང་ཚོ་བོད་ལ་འབུལ་རྟེན་སྤྲོད་པའི་གོམས་སྲོལ་མེད་སྟབས་དངུལ་སྐར་གང་ཡང་མི་དགོས། ཁྱོད་ཀྱིས་བཟང་མོར་བྱམས་སྐྱོང་བྱས་པས་ཆོག”ཅེས་པ་དེའོ།  ། བཟང་མོར་བྱམས་སྐྱོང་བྱུ་རྒྱུ་ནི་བཟང་མོ་ཨ་ཕའི་མངགས་བཅོལ་ཡིན་པར་མ་ཟད། དེ་ནི་ལོ་ངོ་བཅུ་དྲུག་རིང་ལ་དབྱང་སུང་གིས་ཁ་ཁུ་སིམ་མེར་བསྒྲུབ་བཞིན་པའི་ལས་ཀ་ཡིན་ལ། བཟང་མོས་གསར་འགོད་པར་གླེང་ཚད་ཆེས་མང་བའི་སྐད་ཆའང་ཡིན། 

དབྱང་སུང་དང་བཟང་མོ་གཉིས་ཀྱི་ཟ་ཁང་གི་ནང་རོལ། 
          གཉེན་སྒྲིག་བྱས་རྗེས། བཟང་མོ་དབྱང་སུང་དང་མཉམ་དུ་ཁོའི་ཕ་ཡུལ་སི་ཁྲོན་དབྱི་པིན་ལ་ལོག་པ་དང་། སྤྲོ་སེམས་འཁོལ་བའི་བཟང་མོ་ནང་སར་སླེབས་མ་ཐག་ཏུ་སྐད་བརྡ་མི་འཕྲོད་པའི་གནད་དོན་ཆེ་ཤོས་ཤིག་ལ་འཕྲད་བྱུང་ནའང་།  སྤྱང་གྲུང་ལྡན་པའི་བཟང་མོ་ཡིས་དབྱང་སུང་གི“ཨ་ནེ་དང་སྲུ་མོ”མང་པོའི་མདུན་དུ་ཉིན་གསུམ་གྱི་ནང་ཆེས་ཐོག་མར་འཕྲད་དུས་ཀྱི་འཛུམ་མདངས་ནས་སི་ཁྲོན་གྱི་ཕལ་སྐད་སྟབས་བདེ་རེ་བཤད་ཤེས་བྱུང་། 
          སི་ཁྲོན་གྱི་ཕལ་སྐད་སྨྲ་ཤེས་ཤིང་སི་ཁྲོན་གྱི་ཁྲོན་ཚལ་ཟ་རྒྱུར་གོམས་པའི་བཟང་མོས་ཁ་བརྡ་བྱས་ནས་མཚམས་འདིར་སླེབས་དུས། དབྱང་སུང་གིས་བོད་སྐད་བཤད་པའི་སྐོར་གླེང་བྱུང་། དབྱང་སུང་ཅུང་ཙམ་ཁ་སྐྱེངས་པའི་ངང་ནས།  “ངས་བོད་སྐད་ཅུང་ཙམ་ཞིག་གོ་བ་ལས་ད་དུང་བཤད་ཤེས་ཀྱིན་མེད་”ཅེས་དྲང་བཤད་བྱས་བྱུང་། གོ་བརྡ་མི་འཕྲོད་ནའང་།  དེས་གྲོང་ཚོའི་ནང་སུང་དབྱང་ལ་ཀུན་གྱིས་དགའ་བསུ་བྱེད་པར་བར་ཆད་ཐེབས་བཞིན་མི་འདུག  གྲོང་མི་རྣམས་ལ་མཚོན་ནས་བཤད་ན། དབྱང་སུང་ནི་མིང་དོན་དང་མཐུན་པའི་མི་སེམས་བཟང་ཞིག་ཡིན།  ཁོས་ཡར་སྔོན་ལག་རྩལ་འགའ་སྦྱངས་མྱོང་ཡོད་པ་དང་། དེའི་ཁར་ཚལ་རིགས་ཀྱི་ཟ་མ་ཡག་པོ་རྔོ་ཤེས་ཀྱི་ཡོད་པས། གྲོང་ཚོའི་ནང་བྲེལ་བ་ཆེ་ཤོས་ཀྱི་མི་ཚོའི་གྲས་ཀྱི་གཅིག་ཡིན།  སུ་ཚང་ལ་དོན་དག་ཡོད་ཚེ་ཁོ་རང་དྲན་གྱི་ཡོད་པ་དང་། མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་སོགས་ཀྱི་དོན་དག་ཆེ་མ་ཆུང་གསུམ་གང་ཡིན་རུང་དབྱང་སུང་གིས་ཚང་མར་རོགས་རམ་བྱེད་ཀྱི་ཡོད། གྲོང་ཚོའི་ནང་གི་མི་ལ་ན་ཚ་བྱུང་ཚེ་དབྱང་སུང་བཟའ་ཟླ་གཉིས་ཀྱིས་མྱུར་ཏུ་སྨན་ཁང་དུ་བསྐྱལ་ནས་ལོ་ཙཱ་བྱེད་རོགས་བྱེད་པ་དང་། ཐ་ན་ལྟ་སྐྱོང་བྱེད་རོགས་ཀྱང་བྱེད་ཀྱི་ཡོད་པ་རེད། 

བཟའ་ཚོ་གཉིས་ཀྱིས་གཉེར་སྐྱོང་བྱེད་པའི་ཟ་ཁང་། 
          ལོ་བདུན་གྱི་ཡར་སྔོན་དུ། བཟང་མོའི་ཨ་ཕས་ད་སྐབས་གྲོང་ཚོའི་ནང་གི་ཆ་རྐྱེན་སྔོན་ཆད་དང་སྡུར་ན་ཧ་ཅང་བཟང་བས། ཁོང་གཉིས་ཕྱིར་བོད་ལྗོངས་སུ་ལོག་ནས་འཕེལ་རྒྱས་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད། དབྱང་སུང་དང་བཟང་མོ་གཉིས་ཀྱིས་ཨ་ཕའི་རེ་བ་ལྟར།  ཁོང་གཉིས་དང་ཐོག་ཕན་ཚུན་ངོ་འཕྲད་སའི་གྲོང་ཚོའི་ནང་ཕྱིར་ལོག་པ་རེད།  
          དབྱང་སུང་གིས་གསར་འགོད་པར་བཤད་རྒྱུར། ཕྱིར་ལོག་མ་ཐག་ཁང་པ་གསར་པ་སྐྲུན་དགོས་མོད་དངུལ་མེད་པས། གཉེན་ཉེ་དང་གྲོགས་པོ་ཚོའི་རོགས་རམ་ལ་བརྟེན་ནས་ད་གཟོད་ཁང་པ་བསྐྲུན་ཏེ་ད་ལྟའི་འཚོ་བ་འདི་ལྟ་བུ་སྐྱེལ་ཐུབ་པ་བྱུང་ཞེས་བཤད་པ་དང་། ཡང་ཁོང་གིས“སྐབས་དེ་དུས་ཁང་པ་སྐྲུན་སྐབས་བཟང་མོའི་གཉེན་ཉེ་དང་གྲོགས་པོ་མང་པོ་རོགས་རམ་བྱེད་དུ་ཡོང་བ་དང་། ཁོ་ཚོས་འདྲུད་འཐེན་འཕྲུལ་འཁོར་བསྐོར་ནས་ཨར་ལས་ཀྱི་རྒྱུ་ཆ་སྐྱེལ་འདྲེན་བྱེད་རོགས་བྱས་ཤིང་ནའང་ངེད་གཉིས་ཀྱིས་ཁོང་ཚོར་དངུལ་སྐར་མ་གང་ཡང་སྤྲོད་མ་དགོས”ཞེས་བཤད། 

“རྒྱལ་ལམ་318ཀྱི་སྤྱི་ལེ5000ཡི་ལམ་ཚད་རྡོ་རིང”དུན་གྱི་ཟ་ཁང་གི་གནས་ཡུལ་སྟོན་པའི་ཕྱོགས་སྟོན་བྱང་བུ། 
          དང་ཐོག་བཟང་མོས་གྲོང་ཚོའི་ནང་དུ་ཇ་ཁང་ཆུང་ཆུང་ཞིག་ཕྱེས་པ་དང་། དབྱང་སུང་ཐོག་ཁང་ལས་ཡུལ་དུ་གླ་བྱེད་པར་སོང་བས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་ཁ་ཤས་ཡོང་གི་ཡོད། བཟང་མོས་རང་གི་ཁྱོ་གས་ཕྱི་རོལ་དུ་ཉི་ཆར་རླུང་གསུམ་གྱི་ཁྲོད་ནས་ལས་ཀ་ལས་བཞིན་པ་མཐོང་སྟེ་སེམས་ནས་མ་བཟོད་པར། དབྱང་སུང་ལ་ཕྱིར་ཡོང་ནས་ཁོ་གཉིས་ཀྱིས་མཉམ་དུ་ཟ་ཁང་ཞིག་གཉེར་སྐྱོང་བྱ་རྒྱུའི་གྲོས་འགོ་བཏོན་ཞིང་། 2019ལོའི་ཟླ4པར། ཁོ་གཉིས་ཀྱིས་གྲོང་ཚོའི་ཡུལ་སྐོར་ཐང་ཆེན་གྱི“རྒྱལ་ལམ་318ཀྱི་སྤྱི་ལེ5000ཡི་ལམ་ཚད་རྡོ་རིང”གི་རྒྱབ་ཏུ་ཟ་ཁང་ཞིག་ཕྱེས་ཏེ། སི་ཁྲོན་གྱི་ཚལ་དང་བོད་ཟས་གཙོར་བྱས་པའི་ཁར་བཏུང་བྱ་དང་སིལ་ཟས་ཁ་ཤས་བསྣན་པས།  ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་བཅུ་ཕྲག་ལྷག་ཡོང་གིན་ཡོད་འདུག 
          ད་སྐབས་བཟའ་ཚོ་གཉིས་ཀྱིས་གཅེན་གཅུང་གཉིས་པོ་དང་མཉམ་དུ་ཁོ་ཚོ་མི་བཞིས་མ་རྩ་བཏང་ནས་སྐྱེལ་འདྲེན་རླངས་འཁོར་གཉིས་ཉོས་ཏེ་སྐྱེལ་འདྲེན་བྱེད་ཀྱི་འདུག“ད་སྐབས་འཚོ་བ་རིམ་གྱིས་ཇེ་བཟང་དུ་སོང་བ་དང་། བྱིས་པ་གཉིས་པོ་ནང་སའི་སྤོ་བོ་དང་རྨོ་བོ་ལགས་དང་མཉམ་དུ་སྡོད་ཀྱི་ཡོད། སྐབས་ལན་རེར་ཁོ་ཚོ་ཧ་ཅང་དྲན་གྱིན་ཡོད་མོད། འོན་ཀྱང་ད་ལྟ་འཚོ་བ་ཧ་ཅང་སྟབས་ཇེ་བདེར་སོང་ཡོད་པས་ཁོ་ཚོ་དྲན་དུས་བརྙན་ཐུང་བཏང་ན་ལྟ་ཐུབ་ཀྱི་ཡོད”ཅེས་དབྱང་སུང་དགོད་བཞིན་དེ་ལྟར་བཤད། 

སྐྱེལ་འདྲེན་རླངས་འཁོར་ཞིག་བྱང་ཀོག་གྲོང་ཚོ་ནས་ཕྱིར་འགྲོ་བའི་རྣམ་པ། 
          ད་ལོར། བཟའ་ཚོ་གཉིས་ཀྱིས་བྱང་ཀོག་གྲོང་ཚོ་ནས་ལོ་གསར་ལ་རོལ་རྩིས་ཡོད་པ་དང་། ཁོ་གཉིས་ཀྱིས་ལོ་གསར་གྱི་མཁོ་ཆས་ཀྱང་ཧ་ལམ་གྲ་སྒྲིག་བྱས་ཚར་འདུགདབྱང་སུང་དང་བཟང་མོ་གཉིས་ལ་མཚོན་ན། བོད་ལྗོངས་དང་སི་ཁྲོན་གང་ཡིན་རུང་། ཁོང་གཉིས་མཉམ་དུ་ཡོད་ཚེ་སེམས་ལ་བདེ་སྐྱིད་ཀྱིས་ཁེངས་འདུག་པས། གང་ནས་སེམས་བདེ་ན་དེ་ནི་ཕ་ཡུལ་ཡིན་ནོ།  །  
རྩོམ་སྒྲིག་པ། རིག་གྲོལ།