ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ཐན་ཏེ་སའེ་དང་མཇལ་འཛོམས་གནང་བ།

སྤེལ་དུས 2020-01-29 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
         སྤྱི་ཚེས་28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་བྱ་ཐན་ཏེ་སའེ་དང་མཇལ་འཛོམས་གནང་ཡོད།
         ཞི་ཅིན་ཕིང་གིས།  མིག་སྔའི་ཀྲུང་གོའི་མི་དམངས་ཀྱིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་དང་འཐབ་རྩོད་དྲག་པོ་བྱེད་བཞིན་ཡོད་པ་དང་།  ཀྲུང་གོའི་མི་དམངས་ཀྱི་ངོས་ནས་བརྗོད་ན། ད་ལྟ་རྫ་དྲག་པའི་འཐབ་རྩོད་ཅིག་བྱེད་བཞིན་ཡོད།  མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ནམ་ཡང་ཨང་དང་པོ་ཡིན་པས།  རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་མིག་སྔའི་ཆེས་གལ་འགངས་ཆེ་ཤོས་ཀྱི་ལས་དོན་ཡིན་ཞེས་ནན་སྟོན་གནང་ཡོད།
         ཞི་ཅིན་ཕིང་གིས།  ང་རང་ནས་ཀྲུང་གོའི་ལུགས་རྙིང་ལོའི་ལོ་གསར་ཚེས་གཅིག་ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གཙོ་སྐྱོང་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་སྒོ་ཀུན་ནས་བཀོད་སྒྲིག་བྱས་པ་དང་།  ཀྲུང་དབྱང་གི་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་གཅིག་གྱུར་འགོ་ཁྲིད་དང་གཅིག་གྱུར་བཀོད་འདོམས་བྱས་ཏེ་ས་གནས་ཁག་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རིགས་དབྱེའི་མཛུབ་ཁྲིད་བྱས་ཡོད་ཅེས་གསུངས་ཡོད།
         ཞི་ཅིན་ཕིང་གིས།  རིམས་ནད་ནི་ནད་གདོན་ཞིག་དང་འདྲ་བས་ང་ཚོས་དེ་ཡིབ་ས་མེད་པ་བཟོ་དགོས།  ཀྲུང་གོའི་སྲིད་གཞུང་གིས་ཡོངས་བསྒྲགས་དང་ཁ་གསལ།  འགན་འཁྲི་ཡོད་པ་བཅས་ཀྱི་རྣམ་འགྱུར་ཐོག་ནས་དུས་ཐོག་ཏུ་རྒྱལ་ཁབ་ཕྱི་ནང་ལ་རིམས་ནད་གནས་ཚུལ་ཡོངས་བསྒྲགས་དང་།  ཕྱོགས་ཁག་གི་དོ་ཁུར་བྱ་ཡུལ་ལ་ལན་ཆ་ཧུར་ཐག་བྱེད་པ།  རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་བཞིན་ཡོད།  འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་གོ་ལའི་འཕྲོད་བསྟེན་ལས་དོན་མཐུན་སྦྱོར་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད།  ཀྲུང་གོའི་ཕྱོགས་ནས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་མཉམ་ལས་བྱ་རྒྱུར་མཐོང་ཆེན་པོ་བྱེད་བཞིན་ཡོད།  འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནང་ཞུགས་པར་ཀྲུང་གོས་དགའ་བསུ་ཞུ་རྒྱུ་དང་།  འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་རིགས་གཅིག་མཁས་པ་ཝུའུ་ཧན་དུ་ས་ཡུལ་དངོས་ཀྱི་བརྟག་དཔྱད་གནང་བར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  ཀྲུང་གོས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་མཉམ་དུ་ས་ཁུལ་དང་གོ་ལའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོང་བྱ་འདོད་ཡོད།  འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་གཞུང་དྲང་དང་སྟངས་འཛིན་གྱི་ཐོག་ནས་ཐེངས་འདིའི་རིམས་ནད་ལ་དཔྱད་དཔོག་བྱ་རྒྱུའི་ཡིད་ཆེས་ཡོད་ཅེས་དང་།  ཁོང་གིས། ཀྲུང་གོའི་གུང་ཁྲན་ཏང་གི་སྟོབས་ལྡན་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་།  མི་དམངས་མང་ཚོགས་ལ་བརྟེན་པ། ཆོད་སེམས་བརྟན་གཏོང་དང་།ཕྱར་བ་གྲུ་འདེགས།  ཚན་རིག་དང་མཐུན་པའི་འགོག་བཅོས།  གནད་འཕིགས་ཇུས་འདོན་བཅས་བྱས་པས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འགོག་སྲུང་དམག་འཐབ་ལ་རྒྱལ་ཁ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད།
         ཞི་ཅིན་ཕིང་གིས།  ང་ཚོས་ཆོད་སེམས་བརྟན་གཏོང་དང་།  ཕྱར་བ་གྲུ་འདེགས།  ཚན་རིག་དང་མཐུན་པའི་འགོག་བཅོས།  གནད་འཕིགས་ཇུས་འདོན་བཅས་བྱས་ན་ཐེངས་འདིའི་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད། 
         ཐན་ཏེ་སའེ་ཡིས།  དང་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ལ་དཔྱིད་གསར་གྱི་སྨོན་འདུན་ཞུས་གནང་ཡོད།  ཁོང་གིས། རིམས་ནད་ཀྱི་མདུན་དུ་ཀྲུང་གོའི་སྲིད་གཞུང་གིས་ཆབ་སྲིད་ཀྱི་ཆོད་སེམས་བརྟན་པོ་མངོན་པར་བྱས་ནས་དུས་ཐོག་ཏུ་བྱ་ཐབས་ནུས་ལྡན་བཟུང་བར་མི་རྣམས་ནས་གུས་བཀུར་ཡི་རང་ཞུ་འོས་པ་ཞིག་རེད།  ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་བ་ལས་གཟེངས་སུ་ཐོན་པའི་འགོ་ཁྲིད་ནུས་པ་མངོན་ཡོད།  ཀྲུང་གོས་ཡོངས་བསྒྲགས་ཁ་གསལ་ཐོག་ནས་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དང་དུས་ཐུང་ནང་ནད་དུག་གི་འབྱུང་རྩ་རྩད་གཅོད་ཐུབ་པ་མ་ཟད།དུས་ཐོག་ཏུ་རང་རྟོགས་ངང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་དེ་མིན་གྱི་རྒྱལ་ཁབ་ལ་ནད་དུག་གི་གཞི་རྒྱུའི་གོ་རིམ་མཉམ་སྤྱོད་བྱས་ཡོད།  ཀྲུང་གོས་བཟུང་བའི་བྱ་སྤྱོད་ཀྱི་མྱུར་ཚད་དང་གཞི་ཁྱོན་ཆེན་པོ་དེ་འདྲ་འཛམ་གླིང་ན་མཐོང་དཀོན་པས།དེ་ལས་ཀྲུང་གོའི་མྱུར་ཚད་དང་ཀྲུང་གོའི་གཞི་ཁྱོན། ཀྲུང་གོའི་ལས་ཆོད་བཅས་མངོན་ཡོད། ང་ཚོས་དེར་ཚད་མཐོའི་བསྔགས་བརྗོད་ཞུ་རྒྱུ་ཡིན།  འདི་ནི་ཀྲུང་གོའི་ལམ་ལུགས་ཀྱི་བཟང་ཆ་རེད།  འབྲེལ་ཡོད་ཉམས་མྱོང་རྒྱལ་ཁབ་གཞན་དག་གིས་དཔྱད་གཞིར་འཛིན་འོས་པ་ཞིག་རེད།  ང་རང་ནས་ཀྲུང་གོས་བཟུང་བའི་བྱ་ཐབས་ཀྱིས་ཚོད་འཛིན་ནུས་ལྡན་ཐུབ་ནས་མཐར་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།  འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཀྲུང་གོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་བཟུང་བའི་བྱ་ཐབས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་།  ཀྲུང་གོའི་ཕྱོགས་དང་མཉམ་དུ་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་དགོས་ངེས་ཀྱི་རོགས་སྐྱོར་མཐའ་དག་མཁོ་འདོན་བྱ་འདོད་ཡོད།  འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཚན་རིག་དང་དོན་དངོས་གཞིར་བཟུང་བརྡར་ཤ་གཅོད་རྒྱུའི་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ།རིམས་ནད་འུད་སྒྲོག་དང་དོན་དངོས་དང་མི་མཐུན་པའི་གཏམ་བཤད་སྤེལ་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད།  འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་ཀྲུང་གོས་གོ་ལའི་འཕྲོད་བསྟེན་བྱ་ཐབས་ཁྲོད་ནུས་པ་གལ་ཆེན་འདོན་པ་དང་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་ཚད་མེད་ཞུ་རྒྱུ་དང་།  ཀྲུང་གོའི་ཕྱོགས་དང་མཉམ་དུ་མུ་མཐུད་འཐབ་ཇུས་མཉམ་ལས་སྤེལ་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
         ཏིང་ཞུའེ་ཞང་དང་།  ཡང་ཅེ་ཁྲེ། ཝང་དབྱི་སོགས་གོང་གསལ་གྱི་མཇལ་འཛོམས་ནང་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།