ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཚོ་སྔོན་མགོ་ལོག་གི“རིམས་ནད”དམག་འཐབ་ཁྲོད་ཀྱི་ཐུན་མིན་གྱི་“བརྟན་སྲུང་པ”འདི་དག་ལ་བསྔགས་བརྗོད་བྱས།

སྤེལ་དུས 2020-02-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་གནས་ཤིང་། དེ་ནི་སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད། རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་10ཡི་ཁྲོད་ཡུན་ནན་བདེ་ཆེན་དང་མཚོ་སྔོན་གྱི་མཚོ་བྱང་ཕུད་ས་ཁུལ་གཞན་དག་ཚང་མ་མགོ་ལོག་དང་འབྲེལ་ཡོད། མགོ་ལོག་ཁུལ་ཡོངས་ཀྱི་རྫོང་5དང་ཤང་དང་གྲོང་རྡལ་13ལྷག་སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་ཡོད་པས།  ཕན་ཚུན་འགྲོ་འོང་བྱེད་མཁན་གྱི་མི་ཧ་ཅང་མང་བ་ཡིན། དགོན་སྡེ་ནི་མགོ་ལོག་ཁུལ་གྱི་གྲོང་རྡལ་ཕུད་པའི་མི་འབོར་མང་ཤོས་འདུས་སྡོད་ཁུལ་དང་དད་ལྡན་མང་ཚོགས་འདུ་འཛོམས་བྱ་ཡུལ་གྱི་སྤྱི་པའི་འདུ་གནས་ཤིག་ཡིན་པར་མ་ཟད། མགོ་ལོག་ཁུལ་གྱི་ས་ཁོངས་སུ་དགོན་སྡེ་དང་གྲྭ་པ་མང་བ་དང་། གནས་མང་ཞིང་ཁྱབ་རྒྱ་ཆེ་བས། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ནི་དགོན་སྡེ་ཁག་ཏུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ་ཆེས་མང་བའི་དུས་སུ་ཁེལ་ཡོད་པས། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱ་བར་དཀའ་ངལ་ཆེན་པོ་ཡོད། 
          གློ་བུར་དུ་ཐོན་པའི་རིམས་ནད་དང་རིམས་ནད་སྔོན་འགོག་གི་དངོས་ཟོག་དཀོན་པ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཀྱི་མདུན་དུ། མགོ་ལོག་ཁུལ་གྱི་ཆོས་ལུགས་ཁྱབ་ཁོངས་སུ་གོང་ནས་འོག་བར་དང་། གནས་གཅིག་ནས་ཁྱོན་ཡོངས་དང་། ལས་བྱེད་དང་གྲྭ་བཙུན་གྱིས་དཔུང་པ་མཉམ་གཤིབ་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་གི་འགོག་རྒོལ་དམག་འཐབ་རྒྱག་མགོ་བརྩམས་ཤིང་། ལས་བཟོ་བ་ཡོངས་ཞུགས་པའི་ཏོག་གསར་གློ་ཚད་འགོག་པའི་དམག་འཐབ་འདིའི་ནང་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་ཁོངས་གཏོགས་དང་། རྒྱ་ཆེའི་དགོན་སྡེར་བཅའ་སྡོད་བྱས་པའི་ལས་བྱེད་པས་དགོན་སྡེ་ཁག་གི་གྲྭ་བཙུན་དང་མཉམ་གཅིག་ཏུ་འཐབ་ས་དང་པོར་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱས་ཏེ།  བྱ་སྤྱོད་དངོས་ཀྱི་ཐོག་ནས་འགན་འཁྲིའི་འཁུར་སེམས་མཚོན་པར་བྱས་ནས་ཁུལ་དང་རྫོང་གི་འགོ་ཁྲིད་ཀྱི་ཁས་ལེན་གང་ལེགས་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད་པ་རེད། 

འདི་ནི་མཚོ་སྔོན་ཞིང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་(གཡོན་གྱི་གསུམ་པ)ཀྱིས་མགོ་ལོག་ཁུལ་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཡུས་ཀྲང་(གཡོན་གྱི་གཉིས་པ)གི་ཕེབས་རོགས་འོག རྨ་ཆེན་རྫོང་ལྷ་རྒྱལ་དགོན་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བའི་རྣམ་པ་རེད།
          དུས་ཐོག་ཏུ་ཛ་དྲག་གི་དང་ལེན་བཀོལ་ནས་ལས་དོན་སྤེལ་བ། 
          རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁྲོད། མགོ་ལོག་ཁུལ་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་བཀའ་རྒྱ་ལྟར་ལག་ལེན་དུ་བསྟར་ནས་དེ་མ་ཐག་ཏང་ཀྲུང་དབྱང་དང་། ཞིང་ཆེན་དང་ཁུལ་ཨུད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པ་རེད། ཟླ་1པོའི་ཚེས་25ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཐོལ་བྱུང་སྤྱི་པའི་དུས་ཚོད་ཀྱི་རིམ་པ་དང་པོའི་དང་ལེན་བྱེད་འགོ་བཙུགས་པའི་ཉིན་དེར། མགོ་ལོག་ཁུལ་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། ཁུལ་ནང་བསྟན་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག《ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཛ་དྲག་བརྡ་ཐོ》ཁྱབ་བསྒྲགས་བྱས་ཏེ། ཞིང་ཆེན་ཡོངས་སུ་གནས་སྐབས་སུ་ཆོས་སྒོ་སྤེལ་གནས་ཀྱི་སྒོ་འབྱེད་མཚམས་འཇོག་པ་དང་། ཐུན་མོང་གི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་མཚམས་འཇོག་པ། ཕྱི་ནས་ཡོང་བའི་མི་སྣ་གཏན་འགོག་བྱེད་པ་བཅས་ཀྱི་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྔོན་ལ་དོན་འཁྱོལ་བྱས་པ་རེད། ཁུལ་ནང་བསྟན་མཐུན་ཚོགས་དང་། ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཁུལ་ཏང་ཕྱིའི་ཤེས་ཡོན་ཅན་གྱི་མཐུན་འབྲེལ་ལྷན་ཚོགས་སོ་སོས་མགྱོགས་མྱུར་ངང《གྲོས་འགོའི་ཡི་གེ》བཀྲམས་ནས་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་སེམས་པ་གཅིག་མཐུན་དང་སྟོབས་ཤུགས་གཅིག་སྒྲིལ་ཡོང་བར་སྐུལ་སློང་བྱས་ཏེ། ཧུར་ཐག་སྒོས་དུ་བ་མེད་པའི“དམག་འཐབ”འདིའི་ནང་ཞུགས་པ་རེད།
          འགོ་ཁྲིད་དང་ལས་བྱེད་པ་མདུན་དུ་མཆོངས་ནས་དཔེ་སྟོན་སྣེ་ཁྲིད་བྱས། 
          “རིམས་ནད་ནི་བཀའ་རྒྱ་དང་། སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་ཡིན”ཞེས་པ་ལྟར། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་དང་འབྲེལ་བ་ཡོད་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་འདིའི་ནང་མགོ་ལོག་ཁུལ་དང་རྫོང་གི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་ལས་ཁུངས་ཀྱི་འགོ་ཁྲིད་ཚན་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐིལ་ཕྱིན་དང་། ཀྲུང་དབྱང་དང་། ཞིང་ཆེན་་དང་ཁུལ་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གི་བླང་བྱ་ནན་ཏན་སྒོས་དོན་འཁྱོལ་ཡོང་བ་བྱས་ཏེ།  “ང་ནི་ཏང་ཡོན་ཞིག་ཡིན་པས། ང་རང་སྔོན་ལ་སྐྱོད་དགོས”པའི་འབོད་སྐུལ་ཧུར་ཐག་སྒོས་དང་ལེན་བྱས་པ་དང་། རང་འགན་ནན་སྒྲུབ་དང་གདོང་མཆོང་སྔོན་ལ་སྐྱོད་དེ་ཐོག་མཐའ་བར་གསུམ་དུ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་ས་དང་པོར་ལངས་ནས‘  དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་པ་རེད། ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཞའོ་ཅུན་གྱིས་བརྒྱུད་རིམ་ཧྲིལ་པོར་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཤིང་། ཁུལ་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ལས་བྱེད་པ་ཡོངས་ཀྱིས་རྣམ་པ་མི་འདྲ་བའི་སྒོ་ནས་རིམས་ནད་སྔོན་འགོག་གི་འབྲེལ་ཡོད་ལས་དོན་ཏན་ཏིག་ངང་སྤེལ་བ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་ཁངས་ཆེན་དང་ཤུད་ལམ་སོགས་ཀྱི་དཀའ་ངལ་ལ་མ་འཛེམས་པར་འཕྲལ་མ་ཉིད་དུ་འཐབ་ས་དང་པོར་བསྐྱོད་དེ་ལྟ་སྐུལ་དང་མཛུབ་ཁྲིད་ཞིབ་བཤེར་དང་བརྟག་ཞིབ་འཚམས་འདྲི་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ཁ་ཐུམ་སོགས་དངོས་ཟོག་དཀོན་རིགས་ཐག་གཅོད་བྱས་ནས་དགོན་སྡེའི་གྲྭ་བཙུན་ལ“མྱུར་སྐྱེལ”བྱས་ཤིང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་ལག་ལེན་དུ་བསྟར་བ་དང་འགན་འཁྲི་འཁུར་ཕོད་པར་བྱས་པ་རེད། གཅིག་སྒྲིལ་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ་དམིགས་བསལ་གྱི་ཏང་དངུལ་སྤྲད་ནས་རིམས་ནད་འགོག་པའི་ལས་དོན་ལ་རྒྱབ་སྐྱོར་བྱས་པ་དང་། པད་མ་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་མི་ཡོངས་འཐབ་ས་དང་པོར་བཅའ་སྡོད་བྱས་ནས་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་བསྐྱོད་ཅིང་། དགའ་བདེ་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་དུས་ཐོག་དང་པོར་བོད་རྒྱ་ཡིག་རིགས་གཉིས་ཀྱི་རིམས་འགོག་ལག་དེབ་བཟོས་ནས་གྲྭ་བཙུན་རྣམས་ལ་སྤྲད་པ་དང་། དར་ལག་རྫོང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སྐྱིད་པོས་བཟའ་ཟླར་ནད་གཞི་ལྕི་མོ་ཕོག་སྟེ་འཚོ་བར་རང་མགོ་མི་ཐོན་པའི་གནས་ཚུལ་འོག་སྔར་བཞིན་ལས་གནས་སུ་ལོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནང་ཞུགས་པ། རྨ་ཆེན་རྫོང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། རྟ་བོ་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་མགོན་པོ་རྣམ་རྒྱལ་གྱིས་རྟ་བོ་གྲོང་རྡལ་གྱི་གྲོང་ཚོ་ཁག་དང་། སྡོད་ཁུལ་སོ་སོ། དགོན་སྡེ་ཁག་བར་དུ་འདུར་རྒྱུག་བྱས་ནས་སུན་སྣང་མེད་པའི་སྒོ་ནས་ཞིབ་བཤེར་བྱས་ཏེ་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ཡོང་བ་བྱས་པ་དང་། རྨ་སྟོད་རྫོང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སྐལ་བཟང་ཚེ་རིང་གིས་ལོ་སར་ཚེས་གཅིག་ཉིན་ནས་ད་ལྟའི་བར་དུ་རྨ་སྟོད་རྫོང་“ལྷོ་སྒོ་ཆེན་མོ”སྟེ་མཛོ་རྒན་ར་བ་གྲོང་རྡལ་གྱི་རིམས་ནད་སྔོན་འགོག་ཞིབ་བཤེར་ས་ཚིགས་སུ་ལས་རེས་བྱས་ཏེ་བསྡད་ཅིང་། རྒྱུན་པར་རང་ཉིད་ཀྱིས་ལས་སྣེ་ཁྲིད་ནས་རྒྱུན་གཏན་ལྟར་ངལ་གསོ་བྱེད་ཐབས་བྲལ་བ་ཡིན།
   
འདི་ནི་མགོ་ལོག་ཁུལ་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། རྫོང་སོ་སོའི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགན་འཁུར་བས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་འབྲེལ་ཁ་ཐུམ་སོགས་ཀྱི་འགོག་སྲུང་མཁོ་ཆས་དགོན་སྡེའི་གྲྭ་བཙུན་རྣམས་ལ“མྱུར་སྐྱེལ”བྱེད་བཞིན་པའི་རྣམ་པ་རེད།
          དགོན་སྡེར་བཅའ་སྡོད་བྱས་པའི་ལས་བྱེད་པས་འཐབ་ས་དང་པོ་བརྟན་སྲུང་བྱས་ཏེ་རང་འགན་གཙང་སྒྲུབ་བྱས། 
          རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ནང་དགོན་སྡེར་བཅའ་སྡོད་བྱས་པའི་ལས་བྱེད་པའི་དཔུང་ཁག་ནི་ཆེས་མདུན་གྲལ་གྱི་སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་ཡིན།


འདི་ནི་མགོ་ལོག་ཁུལ་གྱི་དགོན་སྡེར་བཅའ་སྡོད་བྱས་པའི་ལས་བྱེད་པས་གྲྭ་པ་ཚོར་ལུས་དྲོད་ཀྱི་ཚད་འཇལ་བའི་རྣམ་པ་རེད།
          གོང་རིམ་གྱིས་སྤྲད་པའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་ཀྱི་བླང་བྱ་འབྱོར་རྗེས། དགོན་སྡེ་ཁག་གིས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ་དང་དད་ལྡན་མང་ཚོགས་འདུ་འཛོམས་བྱེད་པའི་དམིགས་བསལ་གྱི་གནས་ཚུལ་ལ་དམིགས་ཏེ། ཆོས་ལུགས་བྱེད་སྒོ་སྤེལ་སའི“བཀག་སྡོམ་གཅིག་དང་མཚམས་གཉིས་འཇོག་པའི”བྱེད་ཐབས་མཐའ་གཅིག་ཏུ་དོན་འཁྱོལ་ཡོང་བ་བྱས་ཤིང་། ཆོས་ལུགས་ཀྱི་བྱེད་སྒོ་ཐེངས་74ལྷག་འཕྲལ་དུ་སྤེལ་མཚམས་བཞག་ནས་ངང་རྒྱུད་རིང་ཞིང་ཞིབ་ཚགས་ཀྱི་སྒོ་ནས་དགོན་པའི་ནང་ཡོང་བའི་དད་ལྡན་མང་ཚོགས་4000ལྷག་ལ་ཕྱིར་ལོག་བྱ་རྒྱུའི་སྐུལ་མ་དང་ཁྲིད་སྟོན་བྱས་ཏེ། ས་གནས་ནས་ས་གནས་བར་དུ་རིམས་འགོག་ཤེས་བྱ་དང་བསམ་བློའི་ལས་དོན་དྲིལ་བསྒྲགས་དང་འགྲེལ་བཤད་ཐེངས་18900ལྷག་ཙམ་བྱས་པ་དང་། རིམ་རྩིས་བརྒྱབ་ན་གྲྭ་བཙུན་གྱི་འགྲོ་སྐྱོད་ཁ་ཕྱོགས་དང་འགུལ་སྐྱོད་ཀྱི་རྗེས་ཤུལ་མི་ཐེངས་25700ལྷག་ཙམ་ལ་གྲལ་བཤེར་ཐོ་འགོད་བྱས་ཏེ། དུས་ཐོག་དང་པོའི་ནང་ཞིང་ཆེན་ཕྱིའི་མི་སྣའི་འགྲོ་འོང་གི་གནས་ཚུལ་ཁོང་དུ་ཆུད་དེ་མི་སྣ་གྲལ་བཤེར་ཁྱོན་ཡོངས་སུ་ཁྱབ་པ་དང་། ཆ་འཕྲིན་ཐོ་འགོད་ལ་ཆད་ལུས་མེད་པ་བྱས་ནས་ཆོས་ལུགས་ཁྱབ་ཁོངས་སུ་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་ཡོང་བ་བྱ་རྒྱུར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱས་ཡོད།

འདི་ནི་མགོ་ལོག་ཁུལ་གྱི་དགོན་སྡེར་བཅའ་སྡོད་བྱས་པའི་ལས་བྱེད་པས་གངས་འཁྱག་གི་ཁྲོད་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་བའི་རྣམ་པ་རེད།
          དེའི་རིང་ཁོང་ཚོས་རིམས་འགོག་མཁོ་ཆས་དཀོན་པ་དང་། ལམ་ཐག་རིང་བས་ལྟོ་ཆས་ལ་འགན་ལེན་བྱེད་ཐབས་བྲལ་བ། དྲོད་ཚད་ཀླད་ཀོར་འོག་གི་ཏུའུ་20ལྷག་ཙམ་ཟིན་པས་དྲོད་ལེན་བྱེད་དཀའ་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་འཐབ་ས་དང་པོར་ཐོག་མཐའ་བར་གསུམ་དུ་བཅའ་སྡོད་བྱས་པ་ལས་སྡུག་སྐད་རྒྱག་མཁན་གཅིག་ཀྱང་མེད། ལས་བྱེད་པ་ལ་ལས་ཉིན་གཅིག་གི་ཟས་ཐུན་གསུམ་ལ་སྟབས་བདེ་ཐུག་པ་འཐུངས་ནས་གཟའ་འཁོར་གཅིག་ལྷག་ཙམ་ལ་རྒྱུན་འཁྱོངས་བྱས་པ་དང་། ལས་བྱེད་པ་ལ་ལས་ཉིན་20ལྷག་ཙམ་རིང་བསྟུད་མར་ལས་རེས་བྱས་ནས་དགོན་སྡེའི་སྒོ་ཆེན་གྱི་ཕྱིར་གོམ་པ་གང་ཡང་མ་སྤོས་པར་རྟག་ཏུ་ཉིན་མཚན་མེད་པར་ལས་ཀའི་རྣམ་པ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཁོང་ཚོ་ནི་རིམས་འགོག་ས་ཚིགས་ཐོག་གི་ལས་དོན་པ་ཡིན་ལ། དགོན་སྡེའི་དྲིལ་བསྒྲགས་པ་དང་། དུག་སེལ་བ། དོ་དམ་པ་བཅས་ཀྱང་ཡིན་པར་མ་ཟད། དེ་བས་ཀྱང་རྒྱ་ཆེའི་གྲྭ་བཙུན་གྱི“སྙིང་ཉེ་བའི”གུང་ཁྲན་ཏང་ཡོན་ཞིག་ཡིན། 

འདི་ནི་མགོ་ལོག་ཁུལ་གྱི་དགོན་སྡེར་བཅའ་སྡོད་བྱས་པའི་ལས་བྱེད་པས་གྲྭ་པ་ཚོར་རིམས་འགོག་འགོག་སྲུང་གི་དཔེ་དེབ་བསྐྱལ་བའི་རྣམ་པ་རེད། 
          རྨ་སྟོད་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཏང་ཀྲི་པུའུ་ཧྲུའུ་ཅི་འདུལ་ཁྲིམས་སྐྱབས་ཀྱིས་རིམས་ནད་སྔོན་འགོག་བྱ་ཆེད་རང་རྟོགས་སྒོས་དཔྱིད་གསར་དུས་ཆེན་གྱི་གུང་གསེང་དོར་བ་དང་། དར་ལག་རྫོང་གི་དགོན་སྡེར་བཅའ་སྡོད་བྱས་པའི་ལས་བྱེད་པ་བསོད་རྒན་བཟའ་ཟླ་གཉིས་པོས་ཕྲུ་གུ་ལོ་ཆུང་གཉིས་ལ་ལྟ་སྐྱོང་བྱེད་མཁན་མེད་པའི་གནས་ཚུལ་འོག་རིམས་འགོག་ལས་དོན་ནང་ཞུགས་ཏེ་སྔར་བཞིན་དགོན་སྡེར་ལས་རེས་བྱས་ལ། རྨ་ཆེན་རྫོང་གི་དགོན་སྡེར་བཅའ་སྡོད་བྱས་པའི་ལས་བྱེད་པ་བསོད་ནམས་རྡོ་རྗེས་དཔྱིད་གསར་དུས་ཆེན་གྱི་སྔོན་ནས་ད་བར་དུ་རང་ཉིད་ཀྱི་ལས་གནས་དང་ཁ་མ་བྲལ་བར་གྲྭ་པ་རྣམས་དང་མཉམ་ཟ་མཉམ་འདུག་བྱས་ཤིང་། ཁོ་ཚོས“གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་རྒྱལ་ཁབ་ཉེན་ཁར་འཕྲད་པའི་སྐབས་སུ་ང་ཚོས་ཕྱིར་བཤོལ་བྱེད་ག་ལ་རུང་། ང་ཚོར་གཡུལ་ས་ཡག་པོ་སྲུང་བ་དང་། དགོན་སྡེར་དོ་དམ་ཡག་པོ་བྱ་རྒྱུའི་འོས་འགན་ཡོད་ཅིང་། སེམས་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་ལ་འགོག་རྒོལ་ནན་པོ་བྱ་རྒྱུ་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཡུལ་ཡིན་པ་དང་། ‘རིམས་ནད’ཀྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ནི་ང་ཚོའི་མཐར་མཐུག་གི་རེ་སྨོན་ཡིན”ཞེས་བཤད། 
          སྤྱི་ཚོགས་ལས་རིགས་ཁག་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་ཧུར་ཐག་ངང་བྱ་འགུལ་སྤེལ་བ། 
          ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་རིགས་ཁག་དང་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མི་སོ་སོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་གཞོགས་འདེགས་ཧུར་ཐག་བྱས་པ་དང་། རང་འགུལ་མཉམ་ལས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནང་ཞུགས་པར་བརྩོན་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་བསྟུད་མར་སྟོབས་ཤུགས་དང་བྱས་རྗེས་ཕུལ་བ་རེད། 

འདི་ནི་མགོ་ལོག་ཁུལ་གྱི་དགོན་སྡེ་ཁག་གིས“རིམས་ནད”དམག་འཐབ་ལ་ཞལ་འདེབས་ཕུལ་བའི་རྣམ་པ་རེད།
          བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཏང་ཨུད་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་མཐའ་གཅིག་ཏུ་ཞུས་ནས་དུས་ཐོག་དང་པོར་དད་ལྡན་མང་ཚོགས་ལ་དྲང་ཕྱོགས་ནས་ཁྲིད་སྟོན་བྱས་ཏེ། ཝུའུ་ཧན་སོགས་རིམས་ནད་ཐོན་ཁུལ་ལ་དངུལ་དང་དངོས་པོ་སྒོར་ཁྲི་500ཙམ་ཞལ་འདེབས་ཕུལ་ནས་སངས་རྒྱས་ཆོས་ལུགས་ཀྱི“བྱམས་སྙིང་རྗེ་དང་འགྲོ་ཀུན་ཕན”གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་དུ་བཏང་ཡོད། སྤྱི་དབང་མིན་པའི་དཔལ་འབྱོར་ལས་རིགས་ཀྱིས་ཚོང་དོན་འཁོར་རྒྱུག་དང་དངོས་ཟོག་མཁོ་སྤྲོད་ལ་རྒྱབ་སྐྱོར་བྱེད་པའི་དུས་མཚུངས་སུ་གཅེས་སེམས་ཕུལ་ནས་རིམས་འགོག་ལ་རྒྱབ་སྐྱོར་བྱས་ཏེ་དངུལ་དང་དངོས་པོ་སྒོར་ཁྲི་120ཙམ་ཞལ་འདེབས་ཕུལ་བ་དང་། ཁུལ་དང་རྫོང་གི་སྲིད་གྲོས་ཨུ་ཡོན་དང་ཏང་ཕྱིའི་ཤེས་ཡོན་ཅན་གྱིས་ཧུར་ཐག་སྒོས་རིམས་འགོག་ལས་དོན་ལ་ཐབས་འདོན་ཇུས་འབུལ་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲང་ནུས་བརྒྱུད་སྤྲོད་བྱས་པ་རེད།

འདི་ནི་ལྷ་རི་དགོན་གྱིས་ཟས་རིགས་ཉོས་ནས་རྟ་བོ་གྲོང་རྡལ་གྱི་འཐབ་ས་དང་པོའི་ཞིབ་བཤེར་ས་ཚིགས་22སུ་སོང་ནས་ལས་དོན་མི་སྣར་འཚམས་འདྲི་གནང་བའི་རྣམ་པ་རེད།
          དགོན་སྡེ་ཁག་གི་དམངས་གཉེར་དོ་དམ་ཨུ་ལྷན་གྱི་ཁོངས་མི་ཡོངས་ཐོག་མཐའ་བར་གསུམ་དུ་དགོན་སྡེར་བཅའ་སྡོད་བྱས་པའི་ལས་བྱེད་པ་དང་མཉམ་དུ་བསྡད་པ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྤྲུལ་སྐུ་ཡེ་ཤེས་ཉི་མ་རང་དགོན་དུ་སྒོམ་མཚམས་སུ་བསྡད་ཡོད་ནའང་། སྔར་བཞིན་སྐད་འཕྲིན་བརྒྱུད་ནས་ཆོས་ལུགས་ལས་རིགས་ཀྱི་རིམས་འགོག་ལས་དོན་ལ་ཁྲིད་སྟོན་གནང་བ་དང་། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སྤྲུལ་སྐུ་མགོན་ཤིས་ཀྱིས་ལྷ་རྒྱལ་དགོན་གྱི་གྲྭ་དམངས་རྩ་འཛུགས་བྱས་ནས་རིམས་འགོག་བོད་སྨན་བཟོས་ཏེ་ཝུའུ་ཧན་རིམས་ནད་ཐོན་ཁུལ་ལ་ཞལ་འདེབས་ཕུལ་བའི་དཔུང་སྣེ་སྔོན་ལ་ཁྲིད་དེ་ཁུལ་ཡོངས་ཀྱི་དགོན་པའི་ཁྲོད“རླུང་ཕྱོགས་སྟོན་མཁན”གྱི་ནུས་པ་བཏོན་པ་རེད། དར་ལག་རྫོང་ཟངས་རི་མ་དགོན་གྱི་གྲྭ་པ་བསྟན་འཛིན་ཆོས་འཕེལ་གྱིས་ཧུར་ཐག་སྒོས་ཞལ་འདེབས་ཕུལ་བར་མ་ཟད་དར་ལག་རྫོང་རྒྱ་གྲམ་དམར་པོའི་ཚོགས་པར་ཧ་ཅང་དཀོན་པའི་འགོག་སྲུང་གྱོན་ཆས་སོགས་ཀྱི་རིམས་འགོག་དངོས་རྫས་ཞལ་འདེབས་སུ་ཕུལ་ཞིང་། དེ་དག་སྤྱིའི་རིན་ཐང་སྒོར་ཁྲི་28ཟིན་པ་རེད། ཁུལ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁེ་ལས་མཁས་ཅན་གྱི་ཀྲུའུ་ཞི་གཞོན་པ་ཧན་ཡུང་གིས་ཁ་བ་འབབ་པའི་ཉིན་མོར་རང་གཅིག་པུས་ཟི་ལིང་ནས་རླངས་འཁོར་བསྐོར་ནས་མཚན་བརྒྱབ་སྟེ་དུག་སེལ་ཆུ་རྒྱ་མ་840ལྷག་མགོ་ལོག་གི་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་བསྐྱལ་ནས།  དགོན་སྡེ་ཁག་གི་རིམས་འགོག་མཁོ་ཆས་དཀོན་པའི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་བྱས་པ་རེད། ཁོང་ཚོ་ནི་གངས་ལྗོངས་མགོ་ལོག་ས་ཁུལ་གྱི་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་ཁྲོད་ཀྱི་ཁོངས་མི་ཞིག་ཡིན་པ་དང་། ད་དུང་མི་དེ་བས་མང་བས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རྒྱབ་སྐྱོར་ཏན་ཏིག་བྱས་ཏེ་རང་ཉིད་ཀྱི་བྱ་སྤྱོད་ཀྱིས་སེམས་པ་གཅིག་མཐུན་གྱིས་རིམས་འགོག་བྱེད་ཅིང་། ལག་གདང་དམ་པོར་སྦྲེལ་ནས་མདུན་སྐྱོད་བྱེད་པའི་མཐུན་སྒྲིལ་གྱི་གླུ་དབྱངས་ཤིག་བརྩམས་པ་རེད།

འདི་ནི་མགོ་ལོག་ཁུལ་ཁེ་ལས་ཀྱིས་རིམས་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་བྱེད་མི་སྣར་འཚམས་འདྲི་བྱེད་པའི་རྣམ་པ་རེད།