ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

【གཞི་རིམ་དུ་ལས་འགོ་བསྐྱར་ཚུགས་ལ་བལྟ་བ།】ཡུན་ནན་བོད་རིགས་ས་ཁུལ་གྱིས་རིམས་འགོག་ལ་དམ་འཛིན་བྱེད་བཞིན་དུ་བྱེད་ཐབས་སྣ་མང་སྤྱད་དེ་ལས་འགོ་བསྐྱར་ཚུགས་བྱས་པ།

སྤེལ་དུས 2020-02-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཏོག་གསར་གློ་ཚད་རིམས་ནད་ཐོན་་ཐོན་པ་ནས་བཟུང་། ཟླ2པའི་ཚེས23ཉིན་གྱི་ཆུ་ཚོད12བར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ནད་རྟགས་ཐག་བཅད་པའི་ནད་པ་དང་དོགས་ཡོད་ནད་པ་ཐོན་མེད་པ་རེད། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཨུ་ལྷན་་དང་ཞིང་ཆེན་སྲིད་གཞུང་གི་རིམས་ནད་ས་ཁུལ་དབྱེ་བ་དང་རིམ་པ་དབྱེ་བའི་སྔོན་འགོག་ཚོད་འཛིན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད། མིག་སྔར་བདེ་ཆེན་ཁུལ་གྱིས་བྱ་ཐབས་སྣ་མང་མཉམ་སྤྱོད་ཀྱིས་རིམས་ནད་སྔོན་འགོག་བྱེད་པའི་དུས་མཚུངས་སུ་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་ཚུགས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད། 
འདི་ནི་ཁེ་ལས་ཀྱིས་ཐོན་སྐྱེད་བྱ་ཡུལ་དངོས་རེད།
        ཁེ་ལས་ཀྱི་རྣམ་གྲངས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་ཚུགས་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད། ཟླ2པའི་ཚེས20ཉིན་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཏོག་གསར་གློ་ཚད་ཀྱི་ནད་དུག་འགོས་པའི་གློ་ཚད་རིམས་ནད་ལ་གདོང་ལེན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ་ཨང6པ(གཤམ་དུ《བརྡ་ཁྱབ་ཨང6པ》ཞེས་བསྡུ་རྒྱུ)བཏང་བ་རེད། དེའི་ནང་ནང་འདྲེན་གྱི་ཉེན་ཁ་ནན་འགོག་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཤར་བགྲོད་འགན་ལེན། ལས་ཀ་སླར་གསོ་དང་བསྐྱར་བཟོ་བྱེད་པ། གཙོ་གནད་གནས་ཡུལ་དུ་སྔོན་འགོག་ཚོད་འཛིན་སོགས་ཀྱི་བྱེད་ཐབས་ཁག21ཚུད་ཡོད། 
        《བརྡ་ཁྱབ་ཨང6པའི》ནང་བདེ་ཆེན་ཁུལ་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁེ་ལས་ལ་ལས་མི་དང་མ་བཅོས་རྒྱུ་ཆ། མ་དངུལ། སྒྲིག་ཆས་སོགས་ཐད་ཀྱི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རོགས་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ལ། དེ་དང་ཆབས་ཅིག་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གནད་སྨིན་ཇུས་འདོན་གྱི་རྩ་དོན་དང་འགུལ་རྣམ་ལེགས་སྒྲིག་གི་རྩ་དོན་གཞིར་བཟུང་། རྫོང་དང་གྲོང་ཁྱེར(ཆུས)ཁག་གིས་རྫོང(གྲོང་ཁྱེར་དང་ཆུས)གཅིག་ལ་ཐབས་ཇུས་གཅིག་འདོན་དགོས་པ་དང་རིམས་ནད་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གཞིགས་ནས་རིམས་ནད་ཀྱི་ཉེན་ཁར་ཚོད་སྐོར་བྱས་ཏེ་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས། 
འདི་ནི་དར་ལུང་ཞིང་ལས་རྐྱང་པའི་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་བཟོ་པ་ཚོས་ངལ་རྩོལ་གནང་བཞིན་པ་རེད།
        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོར་དར་ལུང་ཞིང་རྐྱང་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་བཟོ་པ་ཚོས་ཉིན་རེའི་ཞོགས་པར་གཅིག་རྗེས་གཉིས་མཐུད་ངང་ཨང་རྟགས་བཤེར་ནས་རྟེན་གཞིར་ནང་ཡོང་ཏེ་ལས་འགོ་བསྐྱར་ཚུགས་ཀྱི་དུས་འགོའི་གྲ་སྒྲིག་ལས་དོན་ནང་ཞུགས་འགོ་ཚུགས་ཀྱི་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། དབུལ་སྐྱོར་ཐོན་ལས་སྲ་བརྟན་དང་རིམ་སྤོར་ལ་དམ་འཛིན་ཡག་པོ་བྱ་ཆེད། མཉམ་ལས་ཁང་དེས་རྟེན་གཞིའི་ནང་ཁུལ་གྱི་སྔོན་འགོག་ཚོད་འཛིན་གང་ལེགས་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལྗང་མྱུག4500དང་སྡོང་རྐང648000བཙུགས་ཡོད་པ་རེད།
        ཡུན་ནན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དངོས་ཟོག་ཁག་དང་པོའི་གཙོ་གནད་མཁོ་སྤྲོད་འགན་ལེན་ཁེ་ལས་གྲས་ཀྱི་སེམས་ཀྱི་ཉི་ཟླའི་ལན་ཚའོ་སྨན་ལས་ཚད་ཡོད་ཀུང་སིས་བསྐྱར་དུ་ལས་འགོ་འཛུགས་རྒྱུའི་རེ་ཞུ་ཕུལ་བ་ནས་ལས་མི་སྒྲིག་འཛུགས་བྱེད་པའི་བར་ཉིན་གཅིག་ལས་མ་འགོར་བར་ལས་འགོ་བསྐྱར་ཚུགས་བྱས་རྗེས། ཐོན་སྐྱེད་ཀྱི་གཙོ་གནད་དེ་ཀྲུང་ལུགས་སྨན་རྒྱུ་ལས་སྣོན་བྱེད་པའི་ཐད་བཞག་ཡོད་ཅིང་། མིག་སྔར་སོ་ལོའི་རྒྱུ་ཆ་ཏུན་བརྒྱ་ལྷག་ཙམ་ལེགས་གྲུབ་ཟིན་ཡོད། 
        བདེ་ཆེན་མདོག་ལྡན་ལྕགས་རིགས་ཚད་ཡོད་ཀུང་སིས་ཉིན་ཤས་གོང་ལས་འགོ་བསྐྱར་ཚུགས་བྱས་པ་དང་། ཟླ་རེར་ཟངས་གཏེར་སྤུས་ལེགས་ཏུན་ཁྲི་2ཙམ་ཐོན་སྐྱེད་བྱས་པ། འཇང་ཡུལ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་དང་། འཇང་ཡུལ་ནས་སེམས་ཀྱི་ཉི་ཟླའི་མྱུར་བགྲོད་གཞུང་ལམ་སོགས་འགྲིམ་འགྲུལ་སྒྲིག་བཀོད་འཛུགས་སྐྲུན་ཡང་མི་འགྱངས་བར་ལས་འགོ་འཛུགས་རྒྱུ་ཡིན་པ་རེད།  
 
འདི་ནི་བདེ་ཆེན་ཁུལ་འབའ་ལུང་རྫོང་གིས་ཞིང་པ་ལས་མི་རྩ་འཛུགས་བྱས་ནས་ལས་གནས་སུ་ཕྱིར་ལོག་བྱས་པའི་ལས་ཀར་ཞུགས་བཞིན་པ་རེད།
        དེ་དང་ཆབས་ཅིག་བདེ་ཆེན་ཁུལ་གྱི་དངུལ་རྩའི་སྒྲིག་གཞིས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་འཕྲལ་སྡོམ་དངུལ་བུན་བཏང་སྟེ་ཁོངས་གཏོགས་ས་ཁུལ་གྱི“མཁོ་སྤྲོད་འགན་ལེན་དང་དཔྱིད་རྨོད་འགན་ལེན་བྱ་རྒྱུར”རོགས་རམ་བྱས་ཤིང་། ལས་འགོ་བསྐྱར་ཚུགས་བྱས་ཚུན། ཞིང་ལས་འཕེལ་རྒྱས་དངུལ་ཁང་བདེ་ཆེན་ཁུལ་ཡན་ལག་དངུལ་ཁང་གིས་རང་འགུལ་ངང་སྲིད་གཞུང་དང་ཁེ་ལས་ལ་སྦྲེལ་མཐུད་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཡིད་རྟོན་དངུལ་བུན་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་དང་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། སྔ་རྗེས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་འགན་ལེན་བྱས་ནས་འབྲེལ་ཡོད་ཁེ་ལས་དང་འབྲེལ་མཐུད་གཏིང་ཟབ་གནང་པ་རེད། 
        ཤེས་རྟོགས་བྱུང་བར་གཞིགས་ན། བདེ་ཆེན་མདོག་ལྡན་ལྕགས་རིགས་ཚད་ཡོད་ཀུང་སི་དང་བདེ་ཆེན་གཏེར་ལས། ཡུན་གཏེར་གླང་དམར་གཏེར་ལས་ཚད་ཡོད་འགན་འཁྲི་ཀུང་སི། ཧྭ་ཤིན་ཨར་འདམ(བདེ་ཆེན)ཚད་ཡོད་ཀུང་སི་སོགས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས13མིག་སྔར་རྒྱུན་གཏན་ལྟར་ཐོན་སྐྱེད་ཐུབ་ཡོད་པ་རེད། ཚེས་22ཉིན་བར། ཁུལ་དེའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་སླར་གསོ་བྱེད་ཚད52%ཟིན་ཡོད་པ་རེད། 
        ཁེ་ལས་ཁག་ལས་འགོ་བསྐྱར་ཚུགས་བྱས་པ་དང་ཆབས་ཅིག རྫོང་ནང་ཁུལ་དང་རྫོང་དབར་གྱི་དུས་གཏན་གནམ་གྲུའི་འགྲུལ་སྐྱེལ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར། བོགས་གཏོང་རླངས་འཁོར་བཅས་ཀྱང་འཁོར་སྐྱོད་བྱེད་འགོ་ཚུགས་ནས་གྲོང་ཁྱེར་དབར་གྱི་དུས་གཏན་གནམ་གྲུའི་འགྲུལ་སྐྱེལ་རིམ་བཞིན་གོ་རིམ་ལྡན་པའི་ངང་སླར་གསོ་ཐུབ་ཡོད་ཅིང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་སྔོན་འགོག་ཚོད་འཛིན་དངོས་ཟོག་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་གཞི་རྩའི་སྐུར་སྐྱེལ་གྱི་རེ་འདོད་སྐོང་ཆེད། ཟླ2པའི་ཚེས21ཉིན་ནས་བཟུང་སྦྲག་སྲིད་དང་མྱུར་སྐྱེལ་ལས་སྒོ་ཚང་མ་རྒྱུན་གཏན་ལྟར་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། 
        ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་ཆེད། བདེ་ཆེན་ཁུལ་གྱིས་ཉིན་ལྔ་རེར་ཁུལ་དེ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་བསྐྱར་གསོའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་རྒྱུ་དང་། ཉིན་རེར་ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་ལ་རྗེས་སྙེག་བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་ནས་ཁུལ་ཡོངས་ཀྱི་ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་བསྐྱར་གསོའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་། དཀའ་ངལ་དང་གནད་དོན་འཚོལ་ཞིབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཁ་གཏད་འཇལ་ཐབས་ཞིབ་འཇུག་བཅས་བྱས་ཏེ་ཁེ་ལས་ཀྱི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱེད་རོགས་བྱས་པ་རེད།