ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དྲ་ཐོག་གླེང་བརྗོད། “འཛམ་གླིང་ཡང་རྩེ”ནི་མཛེས་སྡུག་ལྡན་པའི་རི་མོའི་ཤོག་དྲིལ་འདྲ།

སྤེལ་དུས 2020-04-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7གྱི་མཁའ་རླུང་ཁོར་ཡུག་གི་སྤུས་ཚད་ཆ་སྙོམས་ཀྱིས་ལེགས་པོའི་ཉིན་གྲངས་99.6%ཟིན་པ་དང་། ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ལས་མཁའ་རླུང་སྤུས་ཚད་ཨང་དང་པོར་ཟིན་ཡོད། གཙང་པོ་དང་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་IIIརིགས་ཀྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་དང་། ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་སྤུས་ཚད་ཚད་ལྡན་ཡིན་པ་དེས་100%ཟིན་ཞིང་། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་རྒྱུན་འཁྱོངས་བྱས་པ་དེ་ནི་2019ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་“གྲུབ་འབྲས་རེའུ་མིག”ཅིག་ཡིན་ལ། གྲངས་གཞི་རེ་རེ་ལས་བོད་རང་སྐྱོང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་དེ་མཐོ་སྒང་ནས་འཛུགས་སྐྲུན་བྱེད་པའི་ལམ་ཁ་ན་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་བཞིན་པ་མཚོན་ཡོད།  “འཛམ་གླིང་ཡང་རྩེ”ནས་མཛེས་སྡུག་ལྡན་པའི་རི་མོའི་ཤོག་དྲིལ་ཞིག་ག་ལེར་ཁ་ཕྱེ་བཞིན་མཆིས།  

སྨུག་ཀློང་གི་ཡར་འབྲོག་གཡུ་མཚོ། 

བོད་བྱང་ཐང་གི་རྩྭ་ཐང་ན་དགོ་བ་་གཤར་བའི་ཚུལ། 

བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་རྒྱ་མ་ཡུལ་ཚོ་ཁྲི་ཁང་གྲོང་ཚོའི་པད་ཁའི་མེ་ཏོག
          “གངས་ལྗོངས་ཀྱི་ལྷོ་ཁུལ”ཏེ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་རི་སྐྱེས་ཁམ་སྡོང་ཁྲི་སྟོང་མང་པོའི་མེ་ཏོག་ཡིད་དབང་འཕྲོག་པའི་ངང་བཞད་པ་དང་། མེ་ཏོག་གི་འདབ་མ་དཀར་པོའི་བར་གསེང་དུ་གཟན་རྩྭ་སྔོན་པོ་དང་པད་ཁའི་མེ་ཏོག་སེར་པོ་བཞད་ཡོད། ཕོ་བྲང་པོ་ཏ་ལའི་འདབས་ཀྱི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ཁམ་བུའི་མེ་ཏོག་དང་ལི་ཤིའི་མེ་ཏོག་སོགས་ཀྱིས་དྲི་བསུང་འཐུལ་བ་དང་། ཆུ་བྱའི་ཁྱུ་རྣམས་མཚེའུ་ནང་ན་ཅི་དགར་རྩེད་འཇོ་ལ་རོལ་བཞིན་མཆིས། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལུང་གཞུང་དུ་“མཐོ་སྒང་གི་ལྷ་བྱ”ཞེས་འབོད་པའི་ཁྲུང་ཁྲུང་སྐེ་ནག་གཅིག་རྗེས་གཉིས་མཐུད་ངང་བྱང་ཕྱོགས་སུ་བསྐྱོད་དེ་བོད་བྱང་ཐང་དུ་འཚོ་བ་སྐྱེལ་རྒྱུར་གྲ་སྒྲིག་བྱེད་བཞིན་གདའ། དཔྱིད་དུས་ཀྱི་གངས་ལྗོངས་གང་སར་མེ་ཏོག་དམར་ཞིང་ལྕང་ལོ་སྔོ་བའི་དུས་སུ་སླེབས་འདུག 
           བོད་རང་སྐྱོང་ལྗོངས་ནི་ས་བབ་མཐོ་ཞིང་ས་གཤིས་དམིགས་བསལ་ཡིན་པ། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་དང་ཆུའི་ཐོན་ཁུངས། གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས།  “གཙང་བོའི་འགོ་ཁུངས”དང་“སྐྱེ་ཁམས་ཀྱི་འགོ་ཁུངས”ཡིན་པ་མ་ཟད། ད་དུང་ཀྲུང་གོ་དང་ཐ་ན་སའི་གོ་ལའི་ཕྱེད་ཤར་གནམ་གཤིས་ཀྱི་“སྒུལ་ཆས”དང་“སྙོམ་སྒྲིག་ཁུལ”ཡང་ཡིན།  
          1951ལོར་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་རྗེས། རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་སྐྱེ་ཁམས་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་མཐོང་ཆེན་གནང་ནས་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་སྤྱད་དེ། བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་གྲས་སུ་བཞག་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། བོད་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་དེ་བས་ཀྱང་མཐོང་ཆེན་བྱས་ནས་ཕྱོགས་བསྡུས་བྱེད་ཐབས་སྤྱད་པས།  “འཛམ་གླིང་ཡང་རྩེའི”ས་ཕྱོགས་གང་ས་ཡུལ་ལྗོངས་ལེགས་པོ་པུར་གྱིས་བྲིས་པ་འདྲ་བར་གྱུར།   
          བསྟུད་མར་ཉིན་ཤས་རིང་།  ལྷ་སའི་སྐྱིད་ཆུའི་གྲོང་ཁུལ་གྱི་ཕྱོགས་བསྡུས་ལེགས་བཅོས་ལས་གྲྭ་ཨང་5པས་འཛུགས་སྐྲུན་ཨར་ལས་བྱ་ཡུལ་དུ་ལྡུག་འཁོར་མང་པོ་ཞིག་གིས་ཚ་ཚ་འུར་འུར་ངང་ལས་སྒྲུབ་བྱེད་བཞིན་ཡོད། ལྷ་སའི་སྐྱིད་ཆུའི་ཕྱོགས་བསྡུས་ལེགས་བཅོས་ལས་གྲྭ་ཨང་2པ་དང་། ཨང་3པ། ཨང་4པ་བཅས་བསྐྲུན་ཚར་ནས་སྤྱོད་འགོ་ཚུགས་པ་དང་།  དེ་ལ་བསྟུན་ནས་ལྷ་སའི་སྐྱིད་ཆུའི་གྲོང་ཁུལ་དུ་“གཙང་པོ་མཚེའུར་འགྱུར་བའི”སྐྱེ་ཁམས་ཕན་འབྲས་མངོན་གསལ་ཡིན་ལ།  རླབས་ཕྲེང་བར་མེད་དུ་འཕྱོ་བཞིན་འདབས་ཆགས་ཀྱི་ཡིད་དབང་འཕྲོག་པའི་རི་མོ་ཉམས་དགའ་བ་ཞིག་དེ་རུ་ཤར།  
          འདས་ཟིན་པའི་ལོ་གཅིག་གི་ནང་། བོད་རང་སྐྱོང་ལྗོངས་ཀྱིས་ཁོར་ཡུག་དང་དམངས་འཚོར་དམིགས་ནས་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་རེད། སྒྱུར་བཅོས་གསར་གཏོད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་རིམ་བཞིན་འཐུས་སྒོ་ཇེ་ཚང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་མང་པོ་སྤྱད་པས། གངས་ལྗོངས་ས་མཐོའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་ཕྱིན་ནས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་ནུས་པ་དེ་བས་འབུར་དུ་ཐོན་པར་བྱས། 
          ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་མཇུག་འགྲིལ་བའི་ལོར། བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡང་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་སྡུར་ཚད་98%ཡན་ཟིན་དགོས་ཤིང་། གཙང་བོར་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་དེ་IIIརིགས་ཀྱི་ཆུའི་སྡུར་ཚད་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་སྤུས་ཚད་ལེགས་པོ་ཟིན་ཚད་100%ཟིན་པ་སོགས་དམིགས་ཚད་གཙོ་བོར་བཟུང་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔྱད་ཞིབ་ཕྱོགས་ཡོངས་ནས་ཇེ་ལེགས་སུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་རྨང་གཞིའི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། གནས་འདིའི་མི་དམངས་རྣམས་དེ་ལས་ཀྱང་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་ཐུབ་པ་དང་།  གནས་འདིའི་རི་ཆུའི་ཡུལ་ལྗོངས་དེ་བས་ཀྱང་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཏུ་འགྱུར་དགོས་སོ།  ། 
རྩོམ་སྒྲིག་པ། གཡང་རྒྱལ་ཚེ་རིང་།