ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཧྭ་ནུས་ཀྱིས་རོགས་སྐྲུན་བྱས་པའི་བོད་ལྗོངས་ཕད་མེ་གྲོང་གསེབ་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་ལས་འགོ་བསྐྱར་ཚུགས་བྱས་པ།

སྤེལ་དུས 2020-04-03 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

ཨར་ལས་མི་སྣས་ཉིང་ཁྲིའི་ཕད་མེ་གྲོང་གསེབ་གཞུང་ལམ་ཐོག་ཨར་ལས་བྱེད་བཞིན་པ།
         ཉེ་ཆར། ཀྲུང་གོ་ཧྭ་ནུས་ཚོགས་པ་ཚད་ཡོད་ཀུང་སིས་མ་དངུལ་གྲབས་གསོག་བྱས་ནས་རོགས་སྐྲུན་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་དམངས་འཚོའི་ལས་གྲྭ་ཉིང་ཁྲིའི་ཕད་མེ་བར་གྱི་གྲོང་གསེབ་གཞུང་ལམ་དུམ་བུ་གཉིས་པ་རྒྱུན་གཏན་ལྟར་སྐྲུན་འགོ་ཚུགས་པས་། དེ་ཐོག་ནས་གཞུང་ལམ་དེའི་ལམ་ཐིག་ཧྲིལ་པོ་ལས་འགོ་བསྐྱར་ཚུགས་བྱས་པ་མཚོན་ཡོད།
         ཕད་མེ་གྲོང་གསེབ་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་66.7ཡོད་པ་དང་ལམ་རྒྱུད་མང་ཆེ་བ་མི་མེད་ལུང་སྟོང་ཡིན་པ་དང་སྔ་རྗེས་སུ་ས་བབ་མཐོ་ཚད་སྨི་4200ལྷག་ཙམ་ཟིན་པའི་རྡོ་གཞོང་ལ་དང་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་སྟག་ཁ་གཡང་གཟར་སོགས་ས་གཤིས་གནོད་འཚེ་ཐོན་མང་བའི་ཁུལ་བརྒྱུད་དགོས་ཀྱི་ཡོད། རང་བྱུང་ཆ་རྐྱེན་ཞན་པ་དང་ཨར་སྐྲུན་བགྲོད་ལམ་གུ་དོག་པས་འཛུགས་སྐྲུན་བྱེད་པར་དཀའ་ངལ་ཆེན་པོ་འཕྲད་ཡོད། ཧྭ་ནུས་ཀྱི་རྒྱ་ཆེའི་ལས་བཟོ་ཚོས་མཐོ་གྲང་དང་། ས་བབ་མཐོ་བ། ས་གཤིས་ཀྱི་ཆ་རྐྱེན་ངན་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་ལས་འགོ་བསྐྱར་ཚུགས་ལ་དམ་འཛིན་བྱས་ཏེ་དུས་འགོའི་གངས་གསོག་གཙང་སེལ་ལས་དོན་ལེགས་གྲུབ་ཟིན་པ་དང་མིག་སྔར་ནུས་ཤུགས་ཡོད་རྒུས་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
         བོད་ལྗོངས་ཉིང་ཁྲི་ཆུ་གློག་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཕད་མེ་གྲོང་གསེབ་གཞུང་ལམ་བསྐྲུན་ཟིན་རྗེས་ཉིང་ཁྲི་གྲོང་ཁྱེར་ནས་མེ་ཏོག་རྫོང་གྲོང་བར་གྱི་གཞུང་ལམ་གྱི་ལམ་ཚད་དེ་སྔོན་མ་སྤོ་བོ་རྫོང་གྲོང་བརྒྱུད་དགོས་པའི་སྤྱི་ལེ་346ནས་ཕད་གྲོང་རྡལ་བརྒྱུད་པའི་སྤྱི་ལེ་180བར་ཐུང་དུ་ཕྱིན་ཡོད་པ་དང་། འབྲེལ་མེ་ཏོག་ནས་འགྲོ་འོང་བྱེད་པའི་སྐོར་ལམ་ཞིག་ཆགས་ནས་མེ་ཏོག་གི་འགྲིམ་འགྲུལ་འཇུར་མིག་བསལ་ཏེ་མེ་ཏོག་ནས་འགྲོ་འོང་བྱེད་དཀའ་བའི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད། དེ་དང་ཆབས་ཅིག་ལས་གྲྭ་འཛུགས་སྐྲུན་གྱིས་ས་གནས་དེ་གའི་འཐུང་ཆུ་དཀོན་པ་དང་ཞིང་ཆུ་འདྲེན་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་ནས་ལམ་རྒྱུད་ཀྱི་མི་ཁྲི་1.4ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་ཡིན་པས། བོད་ལྗོངས་ཀྱི་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་ཕྱོགས་ཡོངས་ནས་སྐུལ་ཁྲིད་ཐུབ་རྒྱུ་རེད།

མཁའ་ཐོག་ནས་བསྐྲུན་བཞིན་པའི་ཕད་མེ་གྲོང་གསེབ་གཞུང་ལམ་ལ་བལྟ་བ།
རྩོམ་སྒྲིག་པ།སྣང་རྡོར།