ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སྔོན་གཤེགས་དཔའ་བོར་གུས་འདུད་ཀྱིས། མུ་མཐུད་མདུན་སྐྱོད་ལམ་དུ་ཞུགས།

སྤེལ་དུས 2020-04-04 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          སྤྱི་ཚེས་4ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་མི་སྣ་ཀྲུང་ནན་ཧའེ་ཧུའེ་རེན་ཚོམས་ཆེན་གྱི་མདུན་དུ་ཕེབས་ནས། དུས་ཡུན་སྐར་མ་3ངག་བསྡམས་ཏེ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཁྲོད་རང་སྲོག་བློས་གཏོང་གནང་མཁན་དཔའ་བོ་དང་སྐུ་གཤེགས་པའི་སྤུན་ཟླར་མྱ་ངན་ཞུས་ཡོད། རྒྱལ་ཡོངས་ས་གནས་ཁག་ཏུ་ཡང་རླངས་འཁོར་དང་། མེ་འཁོར། གྲུ་གཟིངས་བཅས་ཀྱི་དུང་བརྡ་བསྒྲགས་པ་དང་། མཁའ་ཟོན་དུང་བརྡ་བཏང་ནས། རྒྱལ་ཡོངས་གོང་འོག་ཀུན་གྱིས་མྱ་ངན་ཞུས་ཡོད་པ་རེད།
          ལོ་རྒྱུས་ཐོག་ཐོན་མྱོང་མེད་པའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་གློ་བུར་དུ་ཐོན་པས་རྒྱལ་ཡོངས་གོང་འོག་ཀུན་གྱིས་མཉམ་ཤུགས་སྒྲིལ་ཏེ་འགོག་རྒོལ་བྱས་ཡོད། དེའི་རིང་དཀའ་སྡུག་དང་། གོད་ཆག བློས་གཏོང་ཡོད་ལ། དེ་བས་ཀྱང་མགོ་མི་སྒུར་བ་དང་། བཟོད་བསྲན། འབད་འཐབ་ཀྱང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་བའི་མི་དམངས་དམག་འཐབ་འདིའི་ནང་། ང་ཚོས་དུས་ཚོད་བརྩོན་ལེན་བྱས་ཏེ་ནད་གདོན་དང་འཐབ་རྩོད་བྱས་པ་དང་། ཕྱིར་བཤོལ་སོར་གང་ཡང་མི་བྱེད་པ་དང་མགོ་རྩ་བ་ནས་མ་སྒུར་བར། མི་སེམས་འགུལ་ཞིང་རྔམ་བརྗིད་ཆེ་བའི་རིམས་འགོག་དམག་འཐབ་ཅིག་བརྒྱབ་ཡོད། ད་ལྟ་ཧུའུ་པེར་ཕར་འགྲོ་ཚུར་འོང་བྱེད་སའི་འགྲོ་ལམ་ཐོག་ འགྲིམ་འགྲུལ་རིམ་བཞིན་སླར་གསོ་ཡོང་བཞིན་ཡོད་པ་དང་། རྒྱལ་ཡོངས་ས་གནས་ཁག་གི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གོམ་སྟབས་རིམ་བཞིན་མགྱོགས་སུ་འགྲོ་བཞིན་ཡོད་ཅིང་། ཁོད་ཡངས་པའི་སྲང་ལམ་ཆེ་ཆུང་ཁག་ཉིན་བཞིན་འཁྲུག་ཆ་དོད་དུ་འགྲོ་བཞིན་ཡོད། དམིགས་བསལ་གྱི་དྭངས་གསལ་དུས་ཚིགས་འདིར། ང་ཚོས་སྔོན་གཤེགས་དཔའ་བོར་མཆོད་འབུལ་དང་འདས་པོའི་རྣམ་ཤེས་ལ་སེམས་གསོ་ཞུས་ཡོད། སྔོན་གཤེགས་དཔའ་བོ་ནི་ང་ཚོའི་མི་རིགས་ཀྱི་སྒལ་ཚིགས་ལྟ་བུ་དང་མི་རིགས་གཤིས་སྤྱོད་ཀྱི་མཚོན་བྱེད་ལྟ་བུ་ཡིན། ཁོང་ཚོས་ཚེ་སྲོག་ལེགས་སྐྱེས་སུ་འབུལ་བའི་ཐོག་ནས་གཅེས་སེམས་ཆེན་པོ་མཚོན་པར་བྱས་པ་དང་། ཁོང་ཚོས་སྤྱིར་བཏང་གི་ལུས་ཕུང་ལ་བརྟེན་ནས་སྤྱིར་བཏང་མ་ཡིན་པའི་བྱས་རྗེས་རླབས་པོ་ཆེ་བཞག་པ། ཁོང་ཚོས་སྒེར་སེམས་མེད་པའི་འབད་འཐབ་ལ་བརྟེན་ནས་དཔྱིད་ཀྱི་དཔལ་ཡོན་བསུས་ཡོད།
          སྔོན་གཤེགས་དཔའ་བོ་ནི་དུས་རབས་སྙིང་སྟོབས་ཀྱི་མཚོན་བྱེད་ཡིན་ལ། ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་མོའི་ཉིང་བཅུད་ཀྱང་ཡིན། ང་ཚོས་དུས་ནམ་ཡང་ཁོང་ཚོ་བློ་ལ་བརྟན་པོར་ངེས་དགོས། ཁོང་ཚོས་ཉེན་ཁ་ཆེ་བའི་དུས་སུ་དཔའ་ངར་ཆེར་བསྐྱེད་ངང་ཕྱིར་བསྐྱོད་དེ་གང་དུ་མཁོ་ཡང་དེ་གར་བསྐྱོད་པ་དང་། ཁོང་ཚོས་རང་ཉིད་ཀྱི་གཟུགས་ཕུང་སྤྱད་ནས་ནད་དུག་དང་མི་དམངས་དབར་གཞོམ་ཞིག་མེད་པའི་རིམས་འགོག་ལྕགས་རི་རིང་པོ་བསྐྲུན་པ་བློ་ལ་བརྟན་པོར་ངེས་དགོས། ཁོང་ཚོས་དཀའ་ཚེགས་ཆེ་བའི་འགག་རྩའི་དུས་སུ་རང་སྲོག་བློས་གཏོང་ཕོད་པ་དང་ཚེ་སྲོག་ལ་བརྟེན་ནས་ཚེ་སྲོག་སྲུང་བ་དང་། རེ་བའི་འོད་སྣང་གཞན་ལ་སྦྱིན་པ་བློ་ལ་བརྟན་པོར་ངེས་དགོས། ཁོང་ཚོས་འཆི་བདག་གི་མདུན་དུ་དཔའ་མི་ཞུམ་པ། རེ་ཞིག་ཕམ་རུང་དཔའ་གཏན་ནས་མི་ཞུམ་པ། མཐའ་གཅིག་ཏུ་ནད་དུག་དང་འཐབ་རྩོད་རྒྱུན་འཁྱོངས་གནང་ཤིང་། ནད་གདོན་ལ་ནམ་ཡང་མགོ་བོ་སྒུར་མེད་པ་དེ་བློ་ལ་བརྟན་པོར་ངེས་དགོས།
          དཔའ་བོར་དྲན་གསོ་ཞུ་བ་དང་སྔོན་གཤེགས་དཔའ་བོར་གུས་འདུད་ཞུ་དགོས་ལ། དེ་བས་ཁོང་རྣམ་པའི་ས་ནས་སྟོབས་ཤུགས་ཉམས་ལེན་གྱིས་མུ་མཐུད་འབད་འཐབ་བྱེད་དགོས། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་“འགྲན་རིམ་རྗེས་མའི”ལས་འགན་སྒྲུབ་པའི་དུས་ལ་སླེབས་ཡོད་པས་སྔར་བཞིན་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་བ་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་ད་དུང་སྐུལ་འདེད་ཏན་ཏིག་གཏོང་དགོས། ང་ཚོས་དཀའ་ངལ་ལ་མི་སྐྲག་པ་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། འཆི་རྒྱུར་མི་སྐྲག་པ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། ཕྱི་ནས་ ནད་ཡམས་འགོ་རྒྱུར་སྔོན་འགོག་དང་ནང་ཁུལ་དུ་བསྐྱར་ལོག་མི་རྒྱག་པ་བྱེད་པའི་བྱ་ཐབས་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་སྲུང་བྱེད་དགོས། དེ་དང་ཆབས་ཅིག་ཏུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཚད་མགྱོགས་སུ་གཏོང་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་ཕྱོགས་ཡོངས་ནས་རྒྱུན་གཏན་གྱི་སྲོལ་ལམ་ཐོག་གང་མགྱོགས་ཕྱིར་ལོག་ཐུབ་པ་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་རྒྱག་པའི་དམིགས་ཚད་ལས་འགན་མཐའ་གཅིག་ཏུ་ལེགས་གྲུབ་ཡོང་བ་བྱེད་དགོས། གང་འདི་ཡང་སྔོན་གཤེགས་དཔའ་བོ་རྣམས་ལ་ཕྱིར་དྲན་ཞུ་བའི་ཐབས་ལམ་ཡག་ཤོས་དེ་ཡིན།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས། ཀྲུང་ཧྭ་མི་རིགས་ལ་ལོ་རྒྱུས་ཐོག་དཀའ་སྡུག་མང་པོ་འཕྲད་ཡོད་མོད། འོན་ཀྱང་མགོ་བོ་གཏན་ནས་སྒུར་མྱོང་མེད་པ་དང་། བར་ཆད་ཇི་ཙམ་འཕྲད་ཀྱང་དེ་ཙམ་གྱིས་དཔའ་ངར་ཆེ་རུ་འགྲོ་བ་དང་། བར་ཆད་ཁྲོད་ནས་རྒྱུན་ཆད་མེད་པར་འཚར་ལོངས་ཡོང་བ། བར་ཆད་ཁྲོད་དཔའ་མཛངས་རྟུལ་ཕོད་ངང་མདུན་དུ་བསྐྱོད་ཡོད་ཅེས་གསུངས་མྱོང་ཡོད། སྐབས་འདིར་ང་ཚོས་མྱ་ངན་དང་རྗེས་དྲན་གྱི་ཁྲོད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས་ནུས་ཤུགས་ཡོད་རྒུས་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བར་བྱས་ཏེ་“རྒྱལ་ཁ་གཉིས”ཀྱི་གྲུབ་འབྲས་ལ་བརྟེན་ནས་རང་སྲོག་བློས་གཏོང་མཁན་དཔའ་བོ་དང་སྐུ་གཤེགས་པའི་སྤུན་ཟླར་སེམས་གསོ་བྱེད་དགོས།
          དྲན་གསོའི་རྡོ་རིང་མེད་པ་མིན། འགྱུར་མེད་རི་ཀླུང་རྡོ་རིང་ཡིན། རི་ཀླུང་འགྱུར་བ་མ་ཕྱིན་ན། དཔའ་བོ་ཇི་སྲིད་བར་དུ་གནས།
རྩོམ་སྒྲིག་པ། རྡོ་རྗེ།