ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཁོ་ཚོས་དངུལ་སྐར་མ་གཅིག་ཀྱང་གཏང་མི་དགོས་པར་འདིར་ལག་རྩལ་སྦྱངས་ཆོག

སྤེལ་དུས 2020-04-07 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
          ཉེ་ཆར། ལྷ་ས་གྲོང་ཁྱེར་དུ་བོད་རང་སྐྱོང་ལྗོངས་ཀྱི་ཁག་དང་པོའི་དམངས་གཉེར་ལག་རྩལ་བཟོ་པའི་སློབ་གྲྭ་སྟེ། བོད་ལྗོངས་ཞོལ་འདོད་དཔལ་ལག་རྩལ་བཟོ་པའི་སློབ་གྲྭ་དང་། བོད་ལྗོངས་དེང་རབས་ཞབས་ཞུའི་ལས་རིགས་ལག་རྩལ་བཟོ་པའི་སློབ་གྲྭའི་སྒོ་བྱང་བཀལ་ཞིང་། དེས་བོད་དུ་དམངས་གཉེར་ལག་རྩལ་བཟོ་པའི་སློབ་གྲྭ་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་ཁ་གསབ་བྱས་པ་དང་། དམངས་གཉེར་ལག་རྩལ་བཟོ་པའི་སློབ་གསོའི་འཕེལ་རྒྱས་ལ་འགོ་འཛུགས་ས་གསར་པ་ཞིག་བྱུང་བ་མཚོན་ཡོད།

          བོད་ལྗོངས་ཞོལ་འདོད་དཔལ་ལག་རྩལ་བཟོ་པའི་སློབ་གྲྭའི་སློབ་སྤྱི་སུངས་མིང་གིས་ང་ཚོས་ཐོན་སྐྱེད་དང་སློབ་གསོ་ཟུང་འབྲེལ་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུ་མ་ཟད། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ལག་རྩལ་བཟོ་པའི་སློབ་གྲྭའི་སློབ་གཉེར་གྱི་ཚད་གཞིར་ནན་པོར་གཞིགས་ཏེ། བྱང་ཚད་མཐོ་བའི་རྩལ་ནུས་འཇོན་ཐང་ཅན་གསོ་སྐྱོང་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས།
          བོད་ལྗོངས་ཞོལ་འདོད་དཔལ་ལག་རྩལ་བཟོ་པའི་སློབ་གྲྭར་ཐང་ག་བཞེངས་པ་དང་། ལྕགས་བཟོ། རྫ་བཟོ། གྱོན་གོས་འཚེམ་བཟོ་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་པར་ཁྱོན་སློབ་མ་100ལྷག་ཙམ་ཞུགས་ཡོད།

          བོད་ལྗོངས་ཞོལ་འདོད་དཔལ་ལག་རྩལ་བཟོ་པའི་སློབ་གྲྭའི་འབྲེལ་ཡོད་འགན་འཁུར་བ་ཀོའོ་ཅན་གྱིས་སློབ་མས་སློབ་ཡོན་དང་། ཁང་གླ། ལྟོ་རིན་བཅས་སྤྲད་དགོས་མེད་པར་མ་ཟད། ཟླ་རེར་དགེ་རྒན་གྱིས་ཁོ་ཚོར་ལག་དངུལ་ཕྲན་བུ་སྤྲོད་ཀྱི་ཡོད། ཁོ་ཚོས་དངུལ་སྐར་མ་གཅིག་ཀྱང་གཏང་མི་དགོས་པར་བློ་བདེ་པོས་ལག་རྩལ་སྦྱངས་ཆོག་པ་དང་། ཕྱིས་སུ་ལག་རྩལ་བྱང་ཆུབ་པ་ཤེས་རྗེས་སློབ་གྲྭར་བསྡད་ནས་ལས་ཀ་ལས་ན་འགྲིག་ལ། ཕྱིར་ལས་ཀ་བྱེད་པར་བསྐྱོད་ནའང་འགྲིག་ཅེས་གསུངས།

          སློབ་གྲྭའི་འགན་འཁུར་བ་ཚེ་རིང་རྒྱལ་པོས་བོད་ལྗོངས་དེང་རབས་ཞབས་ཞུའི་ལས་རིགས་ལག་རྩལ་བཟོ་པའི་སློབ་གྲྭར་ཁྱོན་སློབ་མ་100ལྷག་ཙམ་ཡོད་པ་དང་། གཙོ་བོ་གཡོས་སྦྱོར་བྱེད་སྟངས་དང་མི་རིགས་ཀྱི་གྱོན་གོས་འཚེམ་སྟངས་སོགས་སློབ་ཀྱི་ཡོད། སློབ་མ་མང་ཆེ་བ་དབུལ་པོའི་ཁྱིམ་ཚང་ནས་ཡིན་པས་སློབ་ཡོན་སྤྲད་དགོས་མེད། རིམས་ནད་ཀྱིས་རྐྱེན་པས་སློབ་གྲྭར་གནས་སྐབས་གསོ་སྦྱོང་བྱེད་མཚམས་བཞག་པ་ཡིན། འོན་ཀྱང་། གཟའ་འཁོར་རྗེས་མར་རྒྱུན་ལྡན་བཞིན་སློབ་ཁྲིད་སླར་གསོ་བྱ་རྩིས་ཡོད་ཅེས་གསུངས།

          བོད་རང་སྐྱོང་ལྗོངས་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཐིང་ཀྲང་གཞོན་པ་ཟླ་བ་ཚེ་རིང་གིས་ལག་རྩལ་བཟོ་པའི་སློབ་གསོ་འཕེལ་རྒྱས་བཏང་ན། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་ཐུབ་པར་མ་ཟད། སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གང་ལེགས་གཏང་རྒྱུར་ཡང་ནུས་པ་གལ་ཆེན་ཐོན་རྒྱུ་རེད། གོམ་སྟབས་རྗེས་མར། མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ཚན་པས་མུ་མཐུད་སློབ་གསོ་དང་ནོར་སྲིད་སོགས་ཚན་པ་དང་མཉམ་འབྲེལ་བྱས་ཏེ། རྩལ་ནུས་འཇོན་ཐང་ཅན་གསོ་སྐྱོང་གི་སྲིད་ཇུས་དང་མ་དངུལ་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། བོད་ཀྱི་ལས་རིགས་ཁག་ལ་རྩལ་ནུས་མཐོ་བའི་འཇོན་ཐང་ཅན་དེ་བས་མང་པོ་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས།