དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཛུམ་མདངས་ལས་བདེ་སྐྱིད་ལྡན་པའི་འཚོ་བའི་རྣམ་པ་མངོན།

སྤེལ་དུས 2020-05-14 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

                                                                                                      དབུལ་སྒྲོལ་སྲིད་ཇུས་དོན་འཁྱོལ་བྱུང་བ་ཡིས། །
                                                                                                      གནས་སྤོས་མང་ཚོགས་གྲངས་ལས་འདས་པ་ཞིག །
                                                                                                      དེང་གི་བདེ་སྐྱིད་འཚོ་བར་རོལ་བའི་ཉམས། །
                                                                                                      ཀུན་གྱི་ཡིད་སྨོན་བྱེད་པའི་ཡུལ་དུ་གྱུར། 

        ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད། དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཞེས་གསུངས་པ་ལྟར། ཉེ་བའི་ལོ་ཤས་རིང་། ཏང་དང་སྲིད་གཞུང་གིས་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་སུ་མ་དངུལ་ཧ་ཅང་མང་པོ་བཏང་སྟེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་ལྷག་པར་དུ་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་པ་རྣམས་རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལག་ལེན་བསྟར་ནས། གྲོང་གསེབ་གསར་པ་འཛུགས་སྐྲུན་དང་ལྷག་པར་དུ་འཚོ་སྡོད་ཀྱི་ཆ་རྐྱེན་ཞན་པ་དང་། གསོ་རླུང་དཀོན་པ། འགྲིམ་འགྲུལ་སྟབས་བདེ་མེད་པ་སོགས་ཀྱི་ཡུལ་བབ་ཞན་པའི་ས་གནས་ཁག་ནས་ལྷ་ས་སོགས་གང་ས་ཅི་ཐད་ཀྱི་ཆ་རྐྱེན་ལེགས་པའི་གྲོང་ཁྱེར་ཁག་ལ་གནས་སྤོས་དབུལ་སྐྱོར་བྱས་ཏེ་མང་ཚོགས་མང་པོ་ཞིག་ལ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྦྱིན་ཡོད།

        དུས་ཚིགས་འདིར་གནས་མཆོག་ལྷ་ས་ནི་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་ཞིང་། ནམ་ཟླ་དྲོ་གྲང་སྙོམས་ལ་བསིལ་རླུང་གིས་གདོང་ངོས་སུ་བྱིལ་བྱིལ་བྱེད་པ་དང་ཀུན་ནས་མཚུངས། ད་ཐེངས་ང་ཚོ་བཅར་འདྲི་ཚོགས་ཆུང་དང་བཅས་པས། ཚེ་མཆོག་གླིང་དུ་གནས་པའི་མལ་གྲོ་གུང་དཀར་རྫོང་གི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་བསྐྱོད་པ་ཡིན། ལྷ་ཞབས་གླིང་ཕྲན་ནས་ཚེ་མཆོག་གླིང་ཟམ་ཆེན་བརྒྱུད་དེ། གཙང་ལ་རྒྱ་ཆེ་ཞིང་། འཕྲེད་གཞུང་གང་སར་ཤར་བགྲོད་ཐུབ་པའི་སྣུམ་ནག་ལམ་ཆེན་སྟེང་བསྐྱོད་སྐབས། ལམ་ཆེན་གྱི་གཡས་གཡོན་ཀུན་ཏུ་ཚར་དུ་དངར་བའི་ཐོག་བརྩེགས་ཁང་ཆེན་དང་། མཚམས་མཚམས་སུ་སྤྱི་གླིང་སོགས་ཀྱི་མཛེས་ལྗོངས། ལྷག་པར་དུ་དངོས་ལྗོངས་ཟློས་གར་ཆེ་གྲས《ཝུན་ཤིང་ཀོང་ཇོ》དང《གྱིམ་ཤིང་ཀོང་ཇོ》འཁྲབ་སའི་ཟློས་གར་ཁང་གྲོང་སྡེའི་ཟུར་གྱི་རི་འདབས་སུ་འགྱིང་ངེར་གནས་པ་སོགས་བགྲངས་ཀྱིས་མི་ལངས་བའི་མཛེས་ལྗོངས་ཀྱིས་ང་ཚོའི་ཡིད་དབང་རྦད་དེ་འཕྲོག་སོང་། ང་ཚོས་དེ་སྔོན་ཡུལ་མི་མང་པོ་མེད་པའི་གྲོང་ཚོ་ཆུང་ཆུང་དེར་ད་ཆ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་འགྲོ་དང་འགྲོ་མུས་ཡིན་པའི་སྐོར་གླེང་མོལ་བྱེད་བཞིན་སོང་བས་ཡུད་ཙམ་ཞིག་ལ་བཅར་འདྲི་བྱ་ཡུལ་གནའ་མཐུན་གླིང་དུ་སླེབས་སོང་། དེ་གར་ཁང་བཟང་ཚར་དུ་དངར་ཞིང་། ཐོག་བརྩེགས་མཐོ་བའི་ཁང་པ་གྲལ་སྟར་འགྲིག་པ་འདྲེན་བྱེད་ཀྱི་ཡུལ་དུ་ལྷམ་མེར་འཆར་སྐབས། ཁང་བཟང་དེ་དག་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཡིན་ནམ་སྙམ་ནས་རེ་ཞིག་ཐེ་ཚོམ་གྱི་གནས་སུ་གྱར།

        དེ་གར་སླེབས་རྗེས་གནའ་མཐུན་གླིང་སྡེ་ཁུལ་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ངག་དབང་ཚེ་རིང་གིས“གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གནའ་མཐུན་གླིང་སྡེ་ཁུལ་སྤྱི་ཁྱབ་ཀྲི་པུའུ་ནི་2018ལོའི་ཟླ་4པར་གོང་རིམ་གྱི་བཀའ་མངགས་ལྟར་མལ་གྲོ་གུང་དཀར་རྫོང་གི་ཤང་དང་གྲོང་རྡལ་8ནས་སྤོས་ཡོང་བ་ཞིག་ཡིན་པ་དང་། ཁྱོན་ཞིང་འབྲོག་དུད་ཚང་224དང་ཞིང་འབྲོག་པ་863ཡོད། 2019ལོར་གནད་སྨིན་དབྱེ་འབྱེད་བྱས་རྗེས་དུད་ཚང་224དང་མི་903ལ་གཏན་འཁེལ་བྱས་པ་རེད།  2018ལོའི་ཟླ་4པའི་ཟླ་དཀྱིལ་ནས་བཟུང་འགོ་ཁྲིད་དང་མང་ཚོགས་ཚང་མས་གནས་སྤོས་ལས་དོན་ཁྲོད་ཧུར་ཐག་ཞུགས་པས་གནས་སྤོ་ཐུབ་ཚད་100%ཟིན་ཡོད། ལྷག་པར་དུ་དབུལ་སྐྱོར་གནས་སྤོས་བྱ་ཡུལ་གྱི་སྤྱི་ཁྱབ་ཀྲི་པུའུ་དང་ལས་བྱེད་པ་ཚོས་ཉིན་མཚན་དབྱེར་མེད་དུ་དམངས་ལ་ཞབས་འདེགས་ཞུས་ཏེ་ལས་དོན་ཧུར་ཐག་བསྒྲུབས་ནས་མཉམ་ལས་ཁང་གཉེར་བ་དང་ཐོན་ལས་རྣམ་གྲངས་མི་ཉུང་བ་ཞིག་འཕེལ་རྒྱས་བཏང་སྟེ་མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་།  ད་དུང་གྲོང་ཁྱེར་གྱི་ཁེ་ལས་དང་ཀུང་སི་མང་པོར་འབྲེལ་བ་བྱས་ཏེ།  གནས་སྤོས་མང་ཚོགས་རྣམས་ལས་ཞུགས་གང་ཐུབ་ཅི་ཐུབ་ཡོང་བ་བྱས་ནས་ཁྱིམ་དུད་རེར་ཉུང་མཐར་ཡང་ལས་ཀར་འགྲོ་མཁན་གཅིག་ཡོད་པ་བྱས་པ་དང་། མི་ཚང་རེ་འགར་ལས་ཀར་འགྲོ་མཁན་2ནས་3བར་ཡོད་པས། ཟླ་བ་རེར་ཡོང་འབབ་སྒོར་15000ཙམ་ཟིན་གྱི་ཡོད། 2019ལོར་མནའ་མཐུན་གླིང་སྡེ་ཁུལ་གྱི་མང་ཚོགས་ཀྱི་ཆ་སྙོམས་མི་རེའི་དངུལ་སྨར་ཡོང་འབབ་སྒོར་ཁྲི་10500ལྷག་ཙམ་ཟིན་པ་དང་། 2020ལོར་བགོ་འགྲེམས་དང་ཡོང་འབབ་དེ་ལས་མང་བ་རག་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན”ཞེས་ངོ་སྤྲོད་གནང་ཞོར་དུ་ང་ཚོ་གནའ་མཐུན་གླིང་སྡེ་ཁུལ་གྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དུ་འཁྲིད་བྱུང་།

        ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དེ་ནི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་གོང་འོག་ཚང་མས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་གནས་སྤོས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་ཆེད་དམིགས་སུ་བཀར་ནས་བཙུགས་པ་ཞིག་རེད། མཉམ་ལས་ཁང་དེ་གནའ་མཐུན་གླིང་གི་སྟར་པ་དཀྱིལ་མའི་ཐོག་སོ་དང་པོར་བསྐྲུན་ཡོད་ཅིང་། མཉམ་ལས་ཁང་གི་འགན་འཁུར་བ་བཀྲ་ཤིས་བདེ་སྐྱིད་ནི་ད་ཐེངས་ང་ཚོའི་བཅར་འདྲི་བྱ་ཡུལ་རེད། ཁོང་ནི་ངོ་ཚ་སྨིན་ཞིང་། གད་མོ་དགོད་རྒྱུར་དགའ་བའི་གཞོན་ནུ་མ་ཞིག་རེད་འདུག ཁོང་གིས་ང་ཚོར་མལ་གྲོ་གུང་དཀར་གྱི་ཞིང་འབྲོག་མང་ཚོགས་རྣམས་ལྷ་སའི་ཚེ་མཆོག་གླིང་གི་གནའ་མཐུན་གླིང་དུ་སྤོས་རྗེས་ཀྱི་འཚོ་བ་དང་བསམ་བློའི་འགྱུར་ལྡོག་སོགས་ནས་འགོ་བཙུགས་ཏེ་དབུལ་སྐྱོར་གནས་སྤོ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་རབ་དང་རིམ་པ་གླེང་བྱུང་ལ། ཁོང་རང་ཉིད་ཀྱི་གནས་ཚུལ་ཡང་ངོ་སྤྲོད་རགས་ཙམ་བྱས་བྱུང་། ཁོང་གིས་ང་ནི་དེ་སྔོན་ཞིང་འབྲོག་ཁུལ་གྱི་བུ་མོ་ཕལ་པ་ཞིག་ཡིན། གནས་སྤོ་མ་བྱས་གོང་སློབ་སྦྱོང་དང་ཡོང་འབབ་གསོག་པའི་གོ་སྐབས་འདི་འདྲ་མེད་ལ་དེ་སྔོན་བསམ་ཡང་མི་ཕོད་པ་ཞིག་རེད། འོན་ཀྱང་འདི་གར་གནས་སྤོས་རྗེས། གནའ་མཐུན་གླིང་སྡེ་ཁུལ་སྤྱི་ཁྱབ་ཀྲི་པུའུ་ནས་ལྗོངས་ཕྱི་ནང་དུ་སློབ་སྦྱོང་དང་གསོ་སྦྱོང་སོགས་ལ་ཐེངས་མང་བཏང་བས་ལྟ་རྒྱ་མཐོང་རྒྱ་ཆེ་རུ་ཕྱིན་པ་མ་ཟད། ལག་རྩལ་དང་འཇོན་ཐང་སྦྱོང་སེམས་ཀྱང་སྔར་ལས་ཆེ་རུ་ཕྱིན་སོང་། ད་ལྟ་ངས་མནའ་མཐུན་གླིང་སྡེ་ཁུལ་གྱི་སྡེ་ཚོགས་ཧྲུའུ་ཅིའི་འགན་འཁུར་བའི་ཞོར་ལ་ད་དུང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཚོང་ཁང་གསུམ་ཙམ་ལས་གཉེར་བྱ་རྒྱུའི་འགན་འཁུར་བཞིན་ཡོད། ངས་མཉམ་ལས་ཁང་དུ་བོད་ཀྱི་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་འཆར་འགོད་དང་བཟོ་བ་སོགས་ཀྱི་ལས་ཀའི་ནང་ཞུགས་པས། ཟླ་བ་རེར་གླ་ཆ་སྒོར་6000ཙམ་ལེན་རྒྱུ་འདུག འདི་གར་སྤོས་རྗེས་ང་ཚུད་པའི་གནས་སྤོས་མང་ཚོགས་ཚང་མའི་འཚོ་བ་ཧ་ཅང་སྐྱིད་དུ་ཕྱིན་སོང་། དེ་དག་ཐམས་ཅད་ཏང་དང་སྲིད་གཞུང་གི་བཀའ་དྲིན་ཡིན་པ་ཚོར་གྱི་འདུག་པས། སེམས་གཏིང་ནས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སླད་ཕྱིན་ངས་མཉམ་ལས་ཁང་གི་ཐོན་རྫས་འཆར་འགོད་ནང་དེ་བས་མང་ཙམ་ཞུགས་ཏེ། ཡོང་འབབ་གང་མང་མང་གསོག་ཐུབ་པ་བྱ་རྒྱུ་ཡིན་ལ། ཉེ་འཁོར་མང་ཚོགས་ལ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ད་ཆའི་བདེ་སྐྱིད་འཚོ་བར་ཡག་པོ་རོལ་དགོས་པའི་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་འབྱུང་འགྱུར་ལ་རེ་བས་ཁེངས་བཞིན་ངོ་གདོང་ལས་མཛུམ་མདངས་འཕྱུར། ཁོང་གི་མཛུམ་མདངས་དེ་ལས་དབུལ་སྐྱོར་གནས་སྤོ་བྱས་རྗེས་ཀྱི་གནས་སྤོས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་ཉམས་བཟང་ངམ་ངམ་ཤུགས་ཤུགས་ཀྱིས་ཚོར་ཐུབ་ཀྱི་འདུག  
    མདོར་ན།  ཏང་གི་སྲིད་ཇུས་བཟང་པོའི་འོག དབུལ་སྐྱོར་གནས་སྤོས་མང་ཚོགས་ཚོས་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེང་གི་བདེ་སྐྱིད་འཚོ་བར་ཅི་དགར་རོལ་བཞིན་ཡོད་པ་གསལ་པོར་རྟོགས་བྱུང་ལ། ཁོང་ཚོའི་མཉམ་ལས་ཁང་གི་འཚེམ་བུ་བ་དང་འཐག་མཁན་སོགས་ཀྱི་འཛུམ་མདངས་དང་། སྐད་ཆ། ཕུན་སུམ་ཚོགས་པའི་ཐོན་རྫས་བཅས་ལས་འབྱུང་འགྱུར་འཚོ་བར་ཡིད་ཆེས་དང་།  གདེང་ཚོད།  རེ་བ་བཅས་ཀྱིས་ཁེངས་པའང་ཤེས་བྱུང་།  
                                                                                                      ལེགས་ལེགས་ཏང་གི་གཟིགས་སྐྱོང་སྲིད་ཇུས་དག །
                                                                                                      བཟང་བཟང་དོན་འཁྱོལ་བྱུང་བའི་དོན་དངོས་གང་། །
                                                                                                      སྙན་སྙན་གནས་སྤོས་ཡུལ་མིས་གང་བཤད་པ།  །
                                                                                                      དྲང་དྲང་ཡི་གེའི་ལམ་ནས་སྤེལ་བ་ལགས།  །
རྩོམ་སྒྲིག་པ། སྣང་རྡོར།