ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱལ་ཁབ་མ་ལ་སུང་རུ་ཁག་ (བོད་ལྗོངས་ཚོགས་ཆུང) གི་ལམ་ཕྱེད་འཕྲིན་གཏོང་འགྲན་བསྡུར་དེ་ཉིང་ཁྲིར་སྤེལ་མགོ་ཚུགས་པ།

སྤེལ་དུས 2020-05-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།    ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་རྒྱལ་ཁབ་མ་ལ་སུང་རུ་ཁག(བོད་ལྗོངས་ཚོགས་ཆུང)གི་ལུས་རྩལ་པས་ཏུང་ཅིང་ཨོ་རྩལ་འགྲན་ཚོགས་ལ་གྲ་སྒྲིག་དང་། བོད་ལྗོངས་ཀྱི་འབྲིང་རིང་རྒྱང་རྒྱུག་རུ་ཁག་དང་། འགྲོ་རྩལ་འགྲན་བསྡུར་རུ་ཁག་བཅས་ཀྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པར་གྲ་སྒྲིག་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་པ་དང་། བོད་ལྗོངས་ཀྱི་འབྲིང་རིང་རྒྱང་རྒྱུག་རུ་ཁག་དང་འགྲོ་རྩལ་འགྲན་བསྡུར་རུ་ཁག་གི་དགུན་སྦྱོང་གྲུབ་འབྲས་ལ་ཞིབ་བཤེར་བྱ་ཆེད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་གོ་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱི《ཞིང་ཆེན་ཁག་གི་མཆོང་རྒྱུག་འཕེན་གསུམ་གྱི་སྦྱོང་བརྡར་རྟེན་གཞིར་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་སྤེལ་བར་སྐུལ་མ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་གཞིར་བཟུང་སྟེ། ཟླ་5པའི་ཚེས་16ཉིན་རྒྱལ་ཁབ་མ་ལ་སུང་རུ་ཁག(བོད་ལྗོངས་ཚོགས་ཆུང)གི་ལམ་ཕྱེད་མ་ལ་སུང་རྒྱང་རྒྱུག་ཚོད་ལྟའི་འགྲན་བསྡུར(འཕྲིན་གཏོང་འགྲན་བསྡུར)དེ་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཡིད་འོང་ཤང་དུ་སྤེལ་བ་རེད།
           ཐེངས་འདིའི་འགྲན་བསྡུར་ནི་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱི་འབྲེལ་ཡོད་འགྲན་བསྡུར་གྱི་སྒྲིག་སྲོལ་ལ་ནན་ཏན་གྱིས་གཞིར་བཟུང་ནས། ལམ་ཕྱེད་མ་ལ་སུང་རྒྱང་རྒྱུག་ཚོགས་ཆུང་དང་སྤྱི་ལེ་5ཡི་ཚོགས་ཆུང་བཅས་རྣམ་གྲངས་གཉིས་པོ་སོ་སོར་ཚོད་ལྟ་བྱས་པ་དང་། བསྡོམས་པས་ལུས་རྩལ་པ་36འགྲན་བསྡུར་ནང་ཞུགས་ཡོད་ཅིང་། དེའི་ནང་ལམ་ཕྱེད་མ་ལ་སུང་རྒྱང་རྒྱུག་ཚོགས་ཆུང་ནང་ཞུགས་མཁན་མི་22དང་། སྤྱི་ལེ་5ཡི་ཚོགས་ཆུང་ནང་ཞུགས་མཁན་མི་14ཡོད་པ་རེད།

           ཛ་དྲག་ཆེ་བའི་འགྲན་རྩོད་བྱས་པ་བརྒྱུད། ལམ་ཕྱེད་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་གྱི་སྐྱེས་པའི་ཚོགས་ཆུང་གི་འགྲན་བསྡུར་ནང་རྒྱལ་ཁབ་མ་ལ་སུང་རྒྱང་རྒྱུག་རུ་ཁག(བོད་ལྗོངས་ཚོགས་ཆུང་)གི་ལུས་རྩལ་པ་སྟོབས་རྒྱལ་གྱིས་ཆུ་ཚོད་1དང་སྐར་མ་05དང་སྐར་ཆ་08ཀྱིས་ཨང་དང་པོ་བླངས་པ་དང་། བསོད་ནམས་ཚེ་རིང་གིས་ཆུ་ཚོད་1དང་སྐར་མ་06དང་སྐར་ཆ་42ཀྱིས་ཨང་གཉིས་པ་བླངས་ཤིང་། མི་འགྱུར་ཉི་མས་ཆུ་ཚོད་1དང་སྐར་མ་06དང་སྐར་ཆ་52ཀྱིས་ཨང་གསུམ་པ་བླངས་པ་རེད། ལམ་ཕྱེད་མ་ལ་སུང་འགྲན་བསྡུར་ལས་བུད་མེད་ཚོགས་ཆུང་གི་འགྲན་བསྡུར་ནང་། རྒྱལ་ཁབ་མ་ལ་སུང་རུ་ཁག(བོད་ལྗོངས་ཚོགས་ཆུང)གི་ལུས་རྩལ་པ་ཚེ་རིང་མཚོ་མོས་ཆུ་ཚོད་1དང་སྐར་མ་16དང་སྐར་ཆ་18ཀྱི་ཐོག་ནས་ཨང་དང་པོ་བླངས་པ་དང་། བོད་ལྗོངས་ལྷ་སའི་མ་འཇོག་འབྲིང་རིང་རྒྱང་རྒྱུག་རུ་ཁག་གི་ལུས་རྩལ་པ་སྤེན་ཕན་གྱིས་ཆུ་ཚོད་1དང་སྐར་མ་19དང་སྐར་ཆ་34ཡི་ཐོག་ནས་ཨང་གཉིས་པ་བླངས་པ་དང་།ཟླ་བ་སྐྱིད་ལྷས་ཆུ་ཚོད་1དང་སྐར་མ་20དང་སྐར་ཆ་09ཡིས་ཨང་གསུམ་པ་བླངས་པ་རེད།

           སྤྱི་ལེ་5ཡི་སྐྱེས་པའི་ཚོགས་ཆུང་གི་འགྲན་བསྡུར་ཁྲོད། བོད་ལྗོངས་ལྷ་སའི་མ་འཇོག་འབྲིང་རིང་རྒྱང་རྒྱུག་རུ་ཁག་གི་ལུས་རྩལ་པ་བསྟན་འཛིན་དབང་ཕྱུག་གིས་སྐར་མ་16དང་སྐར་ཆ་54ཡི་ཐོག་ནས་ཨང་དང་པོ་བླངས་པ་དང་། སྤྱི་ལེ་5ཡི་བུད་མེད་ཚོགས་ཆུང་གི་འགྲན་བསྡུར་ནང་། བོད་ལྗོངས་ལྷ་སའི་མ་འཇོག་འབྲིང་རིང་རྒྱང་རྒྱུག་རུ་ཁག་གི་ལུས་རྩལ་པ་བཀྲ་ཤིས་ཚེ་མཚོས་སྐར་མ་18ཀྱིས་ཨང་དང་པོ་བླངས་པ་དང་། དབྱངས་འཛིན་ལྷ་མོས་སྐར་མ་18དང་སྐར་ཆ་31གིས་ཨང་གཉིས་པ་དང་། ཕུར་བུ་སྒྲོལ་མས་སྐར་མ་19དང་སྐར་ཆ་17གྱི་ཐོག་ནས་ཨང་གསུམ་པ་བླངས་པ་རེད།

           རྒྱུས་ལོན་བྱུང་བ་ལྟར་ན། འཕྲིན་གཏོང་འགྲན་བསྡུར་ནི་གསར་གཏོད་ཀྱི་དྲ་ཐོག་གི་འགྲན་བསྡུར་ཞིག་ཡིན་པ་དང་། ད་ལོར་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་རྒྱུན་གཏན་ལྟར་སྤེལ་མི་ཐུབ་པའི་འགྲན་བསྡུར་ནང་རྒྱ་ཁྱབ་ངང་སྤེལ་བ་རེད།  དེར་སྐབས་འཕྲལ་གྱི་འཕྲིན་སྐྱེལ་སྒྲིག་ཆས་སྤྱད་དེ་ས་ཁུལ་མི་འདྲ་བའི་འགྲན་ཞུགས་ལས་ཁུངས་ཀྱིས་འགྲན་བསྡུར་གྱི་སྒྲིག་སྲོལ་ལྟར་ས་གནས་དེ་གར་ལུས་རྩལ་པའི་གྲུབ་འབྲས་ལ་ཚད་འཇལ་གཏན་འཁེལ་བྱས་ཏེ། འཕྲིན་གཏོང་(ཐད་གཏོང་)གི་རྣམ་པས་གཙོ་གཉེར་ལས་ཁུངས་ལ་སྙན་སེང་ཞུས་ནས་ཨང་རིམ་དཔྱད་བསྡུར་གྱི་གཏན་འབེབས་བྱེད་དགོས། དེ་ནི་དུས་ཚོད་དང་། བར་ཐག ལྗིད་ཚད་སོགས་ཕྱི་རོལ་ཡུལ་གྱི་ཚད་གཞི་ལྟར་གྲུབ་འབྲས་དཔྱད་བསྡུར་གཏན་འབེབས་བྱེད་པའི་རྣམ་གྲངས་ཤིག་ཡིན།