ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་གྲོས་ཚོགས་ལ་ཞུགས།

སྤེལ་དུས 2020-05-27 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
         ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་ནན་གྱིས་བསྟན་དོན། དམག་ཡོངས་ཀྱིས་རང་རྟོགས་སྒོས་བསམ་བློ་དང་འགུལ་སྐྱོད་དེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཤིང་། ཡིད་ཆེས་བརྟན་པོ་དང་དཀའ་ཁག་གདོང་གིས་བསུས་ནས། རིམས་ནད་འགོག་སྡོམ་གྱི་རྒྱུན་རྣམ་ཅན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་དམག་དཔུང་གི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་ཉིས་སྟོང་ཉི་ཤུ་ལོའི་དམིགས་འབེན་ལས་འགན་མངོན་འགྱུར་བྱས་ཏེ། ཏང་དང་མི་དམངས་ཀྱིས་བསྩལ་བའི་ལས་འགན་སྣ་ཚོགས་མཐའ་གཅིག་ཏུ་ཡོངས་འགྲུབ་བྱེད་དགོས་ཟེར། 
         ཚོགས་ཐོག་ནས་ལིས་ཡུང་དང་ཧི་ལོས། ཝང་ཧེ། ལོས་ཧའོ་ཧུའེ། ཚོས་ཡུས་ལིན། ཀྲུང་ཀྲི་མེན། ཝང་ཧུའེ་ཆིན། ལིག་ཀོང་པེན་བཅས་འཐུས་མི་བརྒྱད་ཀྱིས་སོ་སོར་གཏམ་བཤད་སྤེལ། རང་རེའི་དམག་དཔུང་གིས་རིམས་ནད་འགོག་སྡོམ་གྱི་ལས་འགན་ལག་བསྟར་བྱེད་པ་དང་། རིམས་འགོག་ཆ་རྐྱེན་འོག་དམག་གྲབས་སྦྱོང་བརྡར་ལ་ཤུགས་སྣོན་དང་སྐྱེ་དངོས་བདེ་འཇགས་ཀྱི་འགོག་སྲུང་ནུས་པའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། རྒྱལ་སྲུང་དང་དམག་དཔུང་གི་བཅོས་སྒྱུར་ཁྲིམས་འཛུགས་བྱ་བར་སྐུལ་འདེད་གཏོང་བ། རང་རེའི་དམག་དཔུང་གི་འཛུགས་སྐྲུན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དངོས་འབེབས་དང་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྒྲིག་ལུགས་སོགས་གནད་དོན་ཐད་ནས་བསམ་འཆར་དང་གྲོས་གཞི་བཏོན། 
         འཐུས་མི་ཚོའི་གཏམ་བཤད་ལ་ནན་གྱིས་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་དམག་དཔུང་ཡོངས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་སྡོམ་གྱི་ལས་འགན་ལག་བསྟར་བྱས་པར་ཁས་ལེན་གང་ལེགས་མཛད། ཞི་ཅིན་ཕིང་གིས་བསྟན་དོན། རིམས་ནད་འགོག་སྡོམ་གྱི་འཐབ་རྩོད་ནི་རང་རེའི་དམག་དཔུང་གི་ཉམས་སད་ཐེངས་ཤིག་ཡིན། མི་དམངས་དམག་དཔུང་གིས་ཏང་གི་བཀོད་འདོམས་ལ་ཉན་ནས་རིམས་ནད་འགོག་སྡོམ་གྱི་འཐབ་རྩོད་ཁྲོད་ནུས་པ་གལ་ཆེན་བཏོན་ནས་བྱས་རྗེས་གཟེངས་སུ་ཐོན་པ་བཞག་ཡོད། ལག་ལེན་ལས་མི་དམངས་དམག་དཔུང་ནི་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱིས་ཡིད་རྟོན་རུང་བའི་དཔའ་བོའི་དམག་དཔུང་ཡིན་པ་ཡང་བསྐྱར་བདེན་དཔང་བྱས་ཡོད་ཅེས་གསུངས། 
         ཞི་ཅིན་ཕིང་གིས་རིམས་འགོག་བྱ་བ་བཟང་བོར་བསྒྲུབ་པ་དང་ཟུང་འབྲེལ་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་གི་འཛུགས་སྐྲུན་གྱི་བྱ་བ་གཙོ་བོར་བླང་བྱ་བཏོན། 
         ཞི་ཅིན་ཕིང་གིས་བསྟན་དོན། རིམས་ནད་འགོག་སྡོམ་གྱི་འཐབ་རྩོད་འདི་ནི་རྒྱལ་སྲུང་དང་དམག་དཔུང་གི་བཅོས་སྒྱུར་ལ་མཚོན་ན་དོན་དངོས་ཀྱི་ཉམས་སད་ཐེངས་ཤིག་ཡིན་པ་དང་། བཅོས་སྒྱུར་གྱི་ཕན་འབྲས་མངོན་པར་མཚོན་ཡོད་ལ། ཞོར་དུ་བཅོས་སྒྱུར་ལ་རེ་བ་གསར་བ་བཏོན་ཡོད། ཁ་ཕྱོགས་མི་འགྱུར་བ་དང་བགྲོད་ལམ་མི་ནོར་བ། ཤུགས་ཚད་མི་ཆུང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། སྲིད་ཇུས་ལམ་ལུགས་བཅོས་སྒྱུར་གྱི་གནད་ས་དམ་འཛིན་དང་བཅོས་སྒྱུར་གྱི་བྱ་བ་སྣ་ཚོགས་དམ་འཛིན་བྱས་ནས། དུས་ལྟར་བཅོས་སྒྱུར་ལས་འགན་ཡོངས་འགྲུབ་བྱེད་དགོས། ཚན་རྩལ་གསར་གཏོད་ལ་ཁ་ཕྱོགས་པར་འཐབ་འཛིང་ནུས་པ་མཁོ་བ་དང་། རྒྱལ་སྲུང་གི་ཚན་རྩལ་གསར་གཏོད་དང་ཁྱད་པར་དུ་རང་བདག་གསར་གཏོད་ལ་ཤུགས་སྣོན་བྱེད་དགོས། བཅོས་སྒྱུར་གསར་གཏོད་བྱེད་པའི་གནད་འགག་མི་ཡིན་ལ། གནས་གསུམ་གཞི་གཅིག་གི་ཤེས་ལྡན་མི་སྣའི་གསོ་སྤེལ་མ་ལག་བཙུགས་ནས་སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་དམག་དོན་ཤེས་ལྡན་མི་སྣའི་དཔུང་ཁག་གསར་སྐྲུན་བྱེད་དགོས་ཟེར། 
         ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་རང་རེའི་དམག་དཔུང་གི་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་རྫོགས་པའི་ལོ་ཡིན་ཞིང་། རིམ་འདས་བྱེད་ཐབས་སྤྱད་དེ་རིམས་ནད་ཀྱི་ཤུགས་རྐྱེན་སེལ་བ་དང་སྟོབས་ཤུགས་གཅིག་ཏུ་དྲིལ་ནས་མཁྲེགས་གཏོར་འཐབ་རྩོད་ལ་འབད་ནས། ཧུར་ཐག་སྒོས་ལས་འགན་ཆེན་མོ་ཡོངས་འགྲུབ་བྱེད་པ་དང་འཐབ་ཇུས་ནུས་པ་མཐོར་འདེགས་གཏོང་དགོས། རང་རེའི་དམག་དཔུང་གི་འཛུགས་སྐྲུན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བ་སྒྲིག་བཟོ་གང་ལེགས་བྱེད་པ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་བཀོད་སྒྲིག་དང་མཐུན་སྦྱོར་བྱེད་པར་དོ་སྣང་བྱས་ཏེ། འཐབ་ཇུས་རིམ་པའི་གཞི་གཅིག་འཆར་འགོད་བྱ་བ་བཟང་བོར་བསྒྲུབས་ནས་འཆར་འགོད་ཀྱི་སྤུས་ཚད་ལ་འགན་སྲུང་བྱེད་དགོས། ཚན་རིག་དང་མཐུན་པའི་བཀོད་སྒྲིག་ལྟར་དུ་དམག་དོན་གྲོན་དངུལ་དོ་དམ་དང་བེད་སྤྱོད་གང་ལེགས་བྱས་ནས། སྒོར་མོ་སྐར་མ་གང་ཡིན་ཡང་ཁེ་ཕན་ཆེན་པོ་ཐོབ་པའི་ཕྱོགས་སུ་བཀོལ་དགོས་ཟེར། 
         ཞི་ཅིན་ཕིང་གིས་བསྟན་དོན། དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་ཁྱད་སྟོབས་ཆེན་པོ་ཞིག་ཡིན་ལ། ཐེངས་འདིའི་རིམས་ནད་འགོག་སྲུང་གི་འཐབ་རྩོད་ཁྲོད་ཁྱད་སྟོབས་དེ་མངོན་པར་མཚོན་ཡོད། རང་རེའི་དམག་དཔུང་གིས་དམག་དོན་ལས་འགན་ཡོངས་འགྲུབ་བྱེད་པའི་ཞོར་དུ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རོགས་སྐྱོར་དང་། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལོན་པར་རྒྱབ་སྐྱོར། ས་གནས་ལ་རོགས་ལས་བྱས་ཏེ་སྤྱི་ཚོགས་ཆེ་ཕྱོགས་ཀྱི་གཏན་འཇགས་བྱ་བར་སྲུང་སྐྱོབ་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ས་གནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་སྲུང་དང་དམག་དཔུང་གི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཤིང་། བརྩེ་བ་ཆེན་པོས་རྒྱ་ཆེའི་དཔོན་དམག་གི་དཀའ་སྡུག་སེལ་བ་དང་རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་དར་རྒྱས་སུ་གཏོང་བའི་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས་ཞེས་གསུངས། 
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡུག་ཞཱ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝེ་ཧྥུན་ཧི། ལིས་ཙོ་ཁྲིན། མེའོ་ཧྭ། ཀྲང་ཧྲིན་མེན་བཅས་གྲོས་ཚོགས་ལ་ཞུགས།
རྩོམ་སྒྲིག་པ། སངས་སྐྱབས།