ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ཁ་སང་གསུང་བཤད་ཤིན་ཏུ་གལ་ཆེན་པོ་ཞིག་གནང་འདུག

སྤེལ་དུས 2020-06-03 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ6པའི་ཚེས2ཉིན་གྱི་ཕྱི་དྲོ་རིགས་གཅིག་མཁས་པ་དང་རིག་གནས་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད་པ་རེད། ཁོང་གིས། མི་དམངས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་རྡོ་ལྟ་བུ་ཡིན། མཐའ་ཚད་བསམ་གཞིགས་ལ་ཤུགས་སྣོན་རྒྱག་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་བཏང་ནས། དུས་དང་རྣམ་པ་ཀུན་ཏུ་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་ཉེན་ཁ་ཆེ་རིགས་ལ་དོགས་ཟོན་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་མ་ལག་སྟོབས་ཆེན་ཞིག་འཛུགས་པ་དང་། ཉེན་ཟོན་སྔོན་བརྡ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། འགོག་སྲུང་དྲ་བ་ཡག་པོ་བཟོ་བ་དང་ལོགས་དབྱེའི་མཚམས་གསལ་པོ་དབྱེ་བ་བཅས་བྱས་ན། གཞི་ནས་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུར་འགན་སྲུང་ཡག་པོ་ཐུབ་ཅེས་ནན་སྟོན་གནང་ཡོད་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
        ཞི་ཅིན་ཕིང་གིས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འཐབ་རྩོད་ཁྲོད། རིགས་གཅིག་མཁས་པ་དང་རིག་གནས་པ་རྣམས་ཀྱིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་སེམས་ཐོག་ནས། ཆེད་ལས་ཀྱི་བཟང་ཆ་འདོན་སྤེལ་གནང་སྟེ། རིམས་ནད་ཀྱི་དུས་བབ་ལ་དབྱེ་ཞིབ་བྱ་རྒྱུ་དང་། སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྨན་བཅོས་དང་སྐྱོབ་བཅོས་ལ་མཛུབ་ཁྲིད་བྱ་རྒྱུ། ཚན་ཞིབ་ཀྱི་འགག་གཏོར་མགྱོགས་སུ་གཏོང་རྒྱུ། ཁྲིམས་ལུགས་ཁྲིམས་སྲོལ་ལ་བཟོ་བཅོས་རྒྱག་རྒྱུ། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ཐད་ཐབས་དང་ཇུས་བཏོན་གནང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། འདི་གར་ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ལྷན་རྒྱས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
        བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི། ཀོང་ཀྲོའུ་གསོ་རིག་ཚན་རིག་སློབ་ཆེན་འབྱིན་རྔུབ་ཚན་ཁག་གི་དགེ་རྒན་ཆེན་མོ་ཀྲུང་ནན་ཧྲན་དང་། རྒྱལ་སའི་གསོ་རིག་ཚན་རིག་སློབ་ཆེན་གྱི་ཟུར་གཏོགས་པེ་ཅིང་ཁྲའོ་ཡང་སྨན་ཁང་གི་འགོ་འཛིན་གཞོན་པ། ཀྲུའུ་རེན་སྨན་པ་དུང་ཀྲའོ་ཧུའེ། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི། ཐན་ཅིན་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱི་སློབ་སྤྱི་ཀྲང་པོ་ལི། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི། དམག་དོན་ཚན་རིག་ཁང་དམག་དོན་གསོ་རིག་ཞིབ་འཇུག་གླིང་གི་དུག་རྫས་སྨན་རྫས་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ་ལི་སུང་། ཆིང་ཧྭ་སློབ་ཆེན་སུའུ་ཧྲི་མིན་རིག་གནས་འཆད་ཉན་ཁང་གི་འགོ་འཛིན། སྤྱི་པའི་དོ་དམ་སློབ་གླིང་གི་དགེ་རྒན་ཆེན་མོ་ཤོལ་ལན། ཀྲུང་ཧྭ་སྔོན་འགོག་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུའུ་རེན་སྨན་པ་ ཡང་ཝེ་ཀྲུང་། ཆིང་ཧྭ་སློབ་ཆེན་ཁྲིམས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ། འཕྲོད་བསྟེན་བཅའ་ཁྲིམས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཁྲེན་ཀོང་བཅས་ཀྱིས་སྔ་ཕྱིར་གཏམ་བཤད་སྤེལ་ནས། རང་རྒྱལ་གྱི་ཚབས་ཆེའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྨན་བཅོས་སྐྱོབ་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ། ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྤྱི་པའི་འཕྲོད་བསྟེན་གྱི་ཁྲིམས་ལུགས་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་གནང་ཡོད། གཏམ་བཤད་སྤེལ་རིང་། ཞི་ཅིན་ཕིང་གིས་གཏམ་བཤད་སྤེལ་མཁན་རིགས་གཅིག་མཁས་པ་དང་རིག་གནས་པ་དང་བཀའ་མོལ་གནང་ནས། གནད་དོན་ཁ་ཤས་ཐད་མཁྱེན་རྟོགས་གཏིང་ཟབ་གནང་བ་དང་། འབྲེལ་ཡོད་ཕྱོགས་ཀྱིས་ཞིབ་འཇུག་ནན་ཏན་དང་། ཚན་རིག་དང་མཐུན་པའི་ངང་ལེགས་བཅོས། ཐག་གཅོད་འོས་འཚམ་བཅས་བྱ་རྒྱུའི་བླང་བྱ་བཏོན་གནང་ཡོད། 
        ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གལ་འགངས་ཤིན་ཏུ་ཆེ་བའི་གསུང་བཤད་གནང་ཡོད། ཁོང་གིས། ཐོལ་བྱུང་གི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། ཏང་ཀྲུང་དབྱང་གིས་གནས་བབ་ཧྲིལ་པོར་གཅིག་གྱུར་འཆར་འགོད་བྱས་པ་དང་འཕྲལ་ཐད་ཆོད་པོས་ཐབས་ཇུས་བཏོན་ཐོག མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་གོང་འོག་གཅིག་སེམས་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུས་ཁ་གཏད་བཅག་པ་དང་། དོ་ནན་ཤོས་དང་ཆ་ཚང་ཤོས། མཐར་ཕྱིན་པ་བཅས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་སྤྱད་པས། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འགོག་རྒོལ་དམག་འཐབ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། གྲུབ་འབྲས་དེ་དག་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གཟེངས་སུ་ཐོན་པའི་ཆབ་སྲིད་ཀྱི་བཟང་ཆ་མངོན་ཡོད་པ་དང་། བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རང་རྒྱལ་གྱི་ཉིན་རེ་བཞིན་སྟོབས་ཆེར་འགྲོ་བའི་ཕྱོགས་བསྡུས་རྒྱལ་སྟོབས་མངོན་ཡོད་ཅིང་། ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཕྱར་བ་གྲུ་འདེགས་དང་ཀུན་སེམས་གཅིག་སྒྲིལ་གྱི་སྟོབས་ཤུགས་ཆེན་མོ་མངོན་ཡོད་ཅེས་གསུངས་ཡོད་པ་རེད།
        ཞི་ཅིན་ཕིང་གིས། མིའི་རིགས་ཀྱི་བདེ་ཐང་ནི་སྤྱི་ཚོགས་ཤེས་དཔལ་ཡར་རྒྱས་འགྲོ་བའི་རྨང་གཞི་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཏང་གི་འཕྲོད་བསྟེན་བདེ་ཐང་གི་ལས་ཀའི་བྱེད་ཕྱོགས་གསལ་སྟོན་གྱིས་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བའི་ལམ་ལུགས་འགན་སྲུང་ཤུགས་ཆེར་བཏང་བ་དང་། སྔོན་འགོག་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་བརྟན་པོའི་ངང་གོང་འཕེལ་བཏང་བ་བཅས་བྱས་པས། ཆམ་རིམས་ཀ་པH1N1དང་།  H7N9  ཨེ་པོ་ལའི་ཁྲག་རྡོལ་ཚ་ནད་སོགས་ཐོལ་བྱུང་རིམས་ནད་སྔོན་འགོག་དང་དེར་ཁ་གཏད་གཅོག་ཐུབ་པ་བྱུང་ནས་རིམས་ནད་གཙོ་བོ་འགོས་ཚད་མངོན་གསལ་དོད་པོས་ཆག་ཡོད། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པའི་ལོ་རྒྱུས་འཕེལ་རིམ་ནང་། འཕྲོད་བསྟེན་བདེ་ཐང་བྱ་གཞག་གོང་འཕེལ་གཏོང་རྒྱུ་དེ་སྔ་བར་ཕྱི་གསུམ་དུ་རྨང་གཞིའི་རང་བཞིན་གྱི་གནས་བབ་ཐོག་བཞག་ནས་རྒྱལ་ཁབ་ཀྱི་སྤྱི་ཡོངས་འཐབ་ཇུས་དང་སྦྲེལ་མཐུད་དམ་ཟབ་བྱས་ཡོད་ལ། འདེགས་སྐྱོར་ནུས་པའང་གལ་ཆེན་ཐོན་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།
        ཞི་ཅིན་ཕིང་གིས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྒྲིག་གཞི་ནི་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་དང་། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་འགན་སྲུང་བྱེད་པ། དཔལ་འབྱོར་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་བྱེད་པ་བཅས་ཀྱི་འགན་སྲུང་གལ་ཆེན་ཞིག་རེད། གནད་ལ་འཕིགས་ཤིང་ཕན་འབྲས་ལྡན་པའི་སྒོ་ནས་སྔོན་འགོག་བྱ་རྒྱུར་གཞིགས་ནས་ལམ་ལུགས་སྒྲིག་གཞི་གསེད་འགྲོལ་དང་། བྱེད་ནུས་གནས་ཚད་གཏན་འཁེལ། ཆེད་ལས་ནུས་པ་མཐོར་འདེགས་སོགས་ཀྱི་ཐད་བསྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་པའི་འཕྲོད་བསྟེན་བྱ་གཞག་གི་མ་འཇོག་སྒྲིག་སྲོལ་བརྟན་པོ་ཞིག་བཙུགས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རྨང་གཞིའི་ཆ་རྐྱེན་ལེགས་བཅོས་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་འཐུས་སྒོ་ཚང་དུ་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྒྲིག་གཞིའི་འགན་ནུས་བཀོད་སྒྲིག་ལེགས་སྒྱུར་བྱས་ཏེ། གོང་འོག་མཉམ་འགུལ་གྱི་ལས་འགན་ཁག་བགོས་ཀྱི་རོགས་ལས་སྒྲིག་གཞི་འཛུགས་དགོས། རྒྱལ་ཁབ་རིམ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ཚན་པའི་ནུས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ལག་རྩལ་དང་འཇོན་ནུས། ཤེས་ལྡན་མི་སྣའི་གྲ་སྒྲིག་སོགས་ལ་ཤུགས་སྣོན་རྒྱག་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ཚན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བར་གྱི་མཉམ་འགུལ་ལས་དོན་སྒྲིག་གཞི་འཐུས་ཚང་ཞིག་བཙུགས་ཏེ། ཤང་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་རིམས་ནད་སྔོན་འགོག་བྱེད་པའི་འགན་འཁྲིར་ཤུགས་སྣོན་རྒྱག་པ་དང་། མཉམ་འགོག་མཉམ་འཛིན་བྱེད་པའི་གཞི་རྩའི་རྨང་གཞི་བརྟན་དུ་གཏོང་དགོས། སྨན་བཅོས་དང་སྔོན་འགོག་གཉིས་མཐུན་སྦྱོར་བྱེད་པའི་སྒྲིག་གཞི་གསར་གཏོད་ཀྱིས་མི་སྣའི་འགྲོ་འོང་དང་། ཆ་འཕྲིན་མཉམ་སྤྱོད། ཐོན་ཁུངས་མཉམ་སྤྱོད། ལྟ་སྐུལ་དོ་དམ་བཅས་ཕན་ཚུན་བར་ཚོད་འཛིན་ཐུབ་པའི་སྒྲིག་གཞི་འཛུགས་དགོས། རིམས་ནད་ཚོད་འཛིན་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། དེང་རབས་ཅན་གྱི་ཚོད་འཛིན་མ་ལག་དང་མཐུན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་པའི་སྒྲིག་གཞི་འཛུགས་པ་དང་། གཞི་རིམ་གྱི་རིམས་ནད་ཚོད་འཛིན་དཔུང་ཁག་བརྟན་དུ་གཏོང་དགོས། ཆུ་ཚད་མཐོ་བའི་སྤྱི་པའི་འཕྲོད་བསྟེན་སློབ་གླིང་ཁག་གཅིག་བསྐྲུན་སྟེ། རིམས་ནད་ཀྱི་འབྱུང་ཁུངས་རིག་པའི་བརྟག་དཔྱད་བྱེད་པ་དང་། རིམས་ནད་གནས་བབ་ལ་བརྡར་ཤ་གཅོད་པ། འགོས་ཁྱབ་འགྲོ་བའི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པ། ས་ཡུལ་དངོས་སུ་རིམས་ནད་རིག་པའི་བརྟག་དཔྱད་བྱེད་པ། ཚོད་ལྟ་ཁང་དུ་ཞིབ་དཔྱད་བྱེད་པ་སོགས་དོན་དངོས་གནད་དོན་ཐག་གཅོད་ཐུབ་མཁན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས་ཞེས་གསུངས་གནང་ཡོད།
        ཞི་ཅིན་ཕིང་གིས། ཐོག་མའི་དུས་ཀྱི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་བརྡ་གཏོང་ནུས་པ་ཆེ་རུ་གཏོང་རྒྱུ་དེ་སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་ཚང་འཛུགས་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་དུ་བརྩིས་ཏེ།  རིམས་ནད་ཀྱི་གནས་ཚུལ་དང་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། འབྱུང་རྐྱེན་གསལ་པོ་མེད་པའི་རིམས་ནད་དང་རྒྱུན་གཏན་མིན་པའི་བདེ་ཐང་དོན་རྐྱེན་གྱི་ལྟ་ཞིབ་ཚད་ལེན་སྒྲིག་གཞི་ལེགས་བཅོས་བྱེད་པ། དཔྱད་དཔོག་དང་ལྟ་ཞིབ་ཚད་ལེན་བྱེད་པའི་ཚོར་སྐྱེན་རང་བཞིན་དང་གནད་འཕིགས་རང་བཞིན་མཐོ་རུ་གཏོང་བ། རིག་སྟོབས་ཅན་གྱི་ཉེན་ཟོན་མཉམ་འགུལ་སྒྲིག་གཞི་འཛུགས་པ། ཐབས་ལམ་མང་བའི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྒྲིག་གཞི་འཐུས་ཚང་འཛུགས་པ། དུས་ཐོག་ཏུ་དབྱེ་ཞིབ་བྱེད་པ་དང་གཅིག་སྡུད་ཐོག་བརྡར་ཤ་གཅོད་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཚོད་ལྟ་ཁང་གི་ཞིབ་དཔྱད་དྲ་བ་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་རིམས་ནད་ཞིབ་དཔྱད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། སྤྱི་པའི་འཕྲོད་བསྟེན་ཚན་པ་དང་སྨན་བཅོས་ཚན་པའི་མཐུན་སྦྱོར་ལྟ་ཞིབ་ཚད་ལེན་སྒྲིག་གཞི་བཙུགས་ཏེ། གཞི་རིམ་གྱི་སོ་ལྟའི་ནུས་པ་འདོན་སྤེལ་དང་། སྔ་ཙམ་ཤེས་རྟོགས་ཐུབ་པ་དང་སྔ་ཙམ་སྙན་ཞུ་བྱེད་པ། སྔ་ཙམ་ཐག་གཅོད་ཐུབ་པ་བཅས་བྱེད་དགོས། ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པའི་སྔོན་ཇུས་སྒྲིག་གཞི་འཐུས་ཚང་བཙུགས་ཏེ། རིམ་པ་དབྱེ་བ་དང་རིགས་དབྱེ་བའི་ཐོག་ནས་འཕྲོད་བསྟེན་འཕྲལ་སྒྲུབ་རུ་ཁག་འཛུགས་པ་དང་། གནས་བབ་ལ་བརྡར་གཅོད་དང་། རིམས་ནད་རིག་པའི་བརྟག་དཔྱད། སྨན་བཅོས་སྐྱོབ་བཅོས། ཚོད་ལྟ་ཁང་གི་ཞིབ་དཔྱད། སྡེ་ཁུལ་གྱི་མཛུབ་སྟོན། དངོས་ཟོག་བཀོད་གཏོང་སོགས་ཁྱབ་ཁོངས་སུ་ཁྱབ་པ་བྱེད་དགོས། གཞི་རིམ་གྱི་འཕྲོད་བསྟེན་མི་སྣའི་ཤེས་བྱའི་གྲབས་གསོག་དང་གསོ་སྦྱོང་ནང་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཐོག་མའི་དུས་ཀྱི་ཐག་གཅོད་ནུས་པ་ཆེ་རུ་གཏོང་དགོས། འཕྲོད་བསྟེན་འཕྲལ་སྒྲུབ་ཤེས་བྱའི་དྲིལ་བསྒྲགས་ལས་དོན་གཏིང་ཟབ་སྤེལ་ནས། མི་དམངས་མང་ཚོགས་ཀྱིས་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཤེས་རྟོགས་ཐུབ་ཚད་དང་ཁོ་ཚོས་རང་སྐྱོབ་གཞན་སྐྱོབ་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རིམས་ནད་ཆེ་གྲས་སྔོན་འགོག་ཚོད་འཛིན་བྱེད་པ་སོགས་འཕྲོད་བསྟེན་བདེ་ཐང་ལས་དོན་སྒྲིག་གཞིར་དུས་ཚོད་གཏན་འཁེལ་གྱིས་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ། བཀའ་རྒྱ་ཁ་གསལ་ཞིང་། མ་ལག་གོ་རིམ་དང་ལྡན་པ། ལག་བསྟར་ནུས་ལྡན་ཐུབ་པ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
        ཞི་ཅིན་ཕིང་གིས། ད་རེས་ཀྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་སྐྱོབ་བཅོས་བྱེད་པའི་ལས་དོན་ཐད། ང་ཚོས་མི་དམངས་རྩ་བའི་རྩེ་ལ་འཇོག་པ་དང་ཚེ་སྲོག་རྩ་བའི་རྩེ་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་ཡོངས་ཀྱི་ཐོན་ཁུངས་བཀོད་གཏོང་བྱས་ཏེ་གཞི་ཁྱོན་ཆེ་བའི་སྐྱོབ་བཅོས་བྱས་པ། ནད་དུག་འགོས་པ་གཅིག་ཀྱང་མི་ལུས་པ་དང་ནད་པ་གཅིག་ཀྱང་མི་དོར་བ་བཅས་ཀྱི་ཐོག་ནས། སྐྱེས་མ་ཐག་པའི་ཕྲུ་གུ་དམར་འབྱར་ནས་དགུང་ལོ100ལ་ཕེབས་པའི་རྒན་རྒོན་བར་ཚང་མ་བློས་གཏོང་བྱས་མེད་ལ། འགྲོ་གྲོན་གྱི་རྐྱེན་ལས་ནད་པ་རྣམས་ཀྱི་ནད་བརྟག་སྨན་བཅོས་ལ་འཐུས་ཤོར་མི་ཡོང་བ་བྱས་ཡོད། འཕྲལ་སྒྲུབ་ཛ་དྲག་གི་རྣམ་པའི་འོག སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་སྐུལ་སློང་ལན་ཆ་དང་། ས་ཁོངས་མཉམ་འགུལ། མི་སྣ་བཀོད་གཏོང་བཅས་བྱེད་པ་དང་། རིམ་པ་དབྱེ་བ་དང་བང་རིམ་ཡོད་པ། ཁག་བགོ་བ་བཅས་ཀྱི་རིམས་ནད་ཚབས་ཆེན་ཕོག་པ་སྐྱོབ་བཅོས་བྱེད་པའི་སྒྲིག་གཞི་འཐུས་ཚང་འཛུགས་དགོས། གཞུང་བཙུགས་སྨན་ཁང་གི་འགོས་ནད་སྐྱོབ་བཅོས་ནུས་པ་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ་དང་། ཕྱོགས་བསྡུས་སྨན་ཁང་གི་འགོས་ནད་འགོག་བཅོས་སྒྲིག་ཆས་འཛུགས་སྐྱོང་གི་ཚད་གཞི་འཐུས་ཚང་བཟོ་བ། འཕྲལ་སྒྲུབ་སྨན་བཅོས་སྐྱོབ་བཅོས་ཀྱི་གྲབས་གསོག་ནུས་པ་ཆེ་རུ་གཏོང་དགོས། གྲོང་ཁྱེར་སྡེ་ཁུལ་དང་གྲོང་གསེབ་གཞི་རིམ། མཐའ་མཚམས་འགག་སྒོའི་གྲོང་ཁྱེར། རྫོང་རིམ་པའི་སྨན་ཁང་དང་ཀྲུང་ལུགས་སྨན་ཁང་གཙོ་གནད་དུ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིམ་པ་གསུམ་གྱི་སྨན་བཅོས་ཞབས་ཞུའི་དྲ་བ་འཐུས་ཚང་འཛུགས་དགོས། རྒྱལ་ཁབ་གསོ་རིག་ལྟེ་གནས་དང་།  ས་ཁོངས་སྨན་བཅོས་ལྟེ་གནས་སོགས་ཀྱི་རྟེན་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། འགོས་ནད་ཚབས་ཆེན་ལས་སྐྱོབ་བཅོས་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ནི་རང་རེའི་ཏང་གིས་མང་ཚོགས་ལམ་ཕྱོགས་འཕྲོད་བསྟེན་ནད་འགོག་ལས་དོན་ཁྲོད་ལག་བསྟར་བྱས་པའི་ལེགས་གྲུབ་ཉམས་མྱོང་ཞིག་རེད།   ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འཐབ་རྩོད་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱ་དགོས་པ་དང་། རྒྱལ་གཅེས་འཕྲོད་བསྟེན་ལས་དོན་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས་པ། བྱ་ཐབས་གསར་སྐྲུན་བྱེད་པ། ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ནས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བདེ་ཐང་དོ་དམ་ལ་འཕོ་འགྱུར་ཡོང་བ་བྱ་རྒྱུར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་བདེ་ཐང་དང་འབྲེལ་བ་ཡོད་པའི་སྤྱི་ཡོངས་རང་བཞིན་དང་ཡུན་རིང་རང་བཞིན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། མི་འཚོ་སྡོད་བྱེད་སའི་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་བཅོས་བྱེད་པ། སྤྱི་པའི་འཕྲོད་བསྟེན་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ། འཕྲོད་བསྟེན་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཡ་རབས་ལྡན་པའི་བདེ་ཐང་གནོད་མེད་ཁོར་ཡུག་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་དང་། བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་བ། བཟའ་བཏུང་དར་སྲོལ་ཡག་པོ་ཆགས་པ་བྱེད་པ། ཡ་རབས་ལྡན་པའི་བདེ་ཐང་འཚོ་བའི་གོམས་གཤིས་འཇགས་པ་བྱེད་དགོས། བདེ་ཐང་དེ་སྲིད་ཇུས་ཚང་མའི་ནང་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཚེ་སྲོག་གི་བརྒྱུད་རིམ་ཧྲིལ་པོའི་བདེ་ཐང་དོ་དམ་འདུ་ཤེས་དེ་གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ལྷུ་ཚིགས་ཁག་ནང་དོན་འཁྱོལ་ཐུབ་པ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་གཅེས་འཕྲོད་བསྟེན་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ཐོག་འཇོག་པ་དང་། དེ་བས་ནུས་པ་ལྡན་པའི་སྤྱི་ཚོགས་སྐུལ་སློང་བྱ་ཐབས་འཚོལ་ཞིབ་བྱ་དགོས་ཞེས་ནན་གསུངས་གནང་ཡོད།
        ཞི་ཅིན་ཕིང་གིས། ཀྲུང་ཕྱིའི་གསོ་རིག་ཟུང་འབྲེལ་དང་། ཀྲུང་ལུགས་དང་ཕྱི་ལུགས་ཀྱི་སྨན་མཉམ་དུ་སྤྱོད་པ་ནི། ད་རེས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཁྱད་ཆོས་ཆེན་པོ་ཞིག་རེད་ལ། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱིས་ལེགས་ཆ་རྒྱུན་འཛིན་དང་གསར་སྐྲུན་གང་ལེགས་བྱེད་པའི་ལག་ལེན་ཞིག་རེད། སྨན་གཞུང་རྩེ་གྲ་ལེགས་སྒྲིག་དང་སྔོག་འདོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཚན་ཞིབ་འདེགས་སྐྱོར་སྟེགས་བུ་ཁག་གཅིག་སྐྲུན་པ། ཀྲུང་ལུགས་སྨན་ལ་ཞིབ་དཔྱད་དང་དཔྱད་དཔོག་བྱེད་པའི་སྒྲིག་གཞི་སྒྱུར་བཅོས་དང་འཐུས་ཚང་འཛུགས་པ། ཀྲུང་ལུགས་སྨན་གསར་པ་ཞིབ་བཟོ་དང་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་ལུགས་སྨན་རྫས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་ལུགས་གསོ་རིག་སྨན་ཁང་གི་འཕྲལ་སྒྲུབ་དང་སྐྱོབ་བཅོས་ནུས་པ་ཆེ་རུ་གཏོང་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཁྱད་ལྡན་ཤེས་ལྡན་མི་སྣའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཆུ་ཚད་མཐོ་བའི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་གི་རིམས་ནད་འགོག་བཅོས་དཔུང་ཁག་སྐྲུན་པ། ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་ཁྲོད་ཀྱི་སྒྲིག་འཛུགས་ནུས་པར་ཤུགས་སྣོན་རྒྱག་པ། ཀྲུང་ཕྱིའི་གསོ་རིག་སྨན་རྫས་ཕན་ཚུན་གསབ་རེས་དང་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། ནད་ཡམས་འགོག་བཅོས་བཅའ་ཁྲིམས་དང་ཐོལ་བྱུང་སྤྱི་པའི་དོན་རྐྱེན་ལ་ཁ་གཏད་གཅོག་པའི་བཅའ་ཁྲིམས་སོགས་ཁྲིམས་ལུགས་ལ་བཟོ་བཅོས་དང་གཏན་འབེབས་བྱེད་པའི་ལས་དོན་ལ་དམིགས་ས་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། འགན་དབང་ཁ་གསལ་དང་། ལས་རིམ་ཚད་ལྡན། ལག་བསྟར་ནུས་ལྡན་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲིམས་འཛིན་སྒྲིག་གཞི་འཐུས་ཚང་འཛུགས་པ། ཁྲིམས་ལུགས་ཐོག་ནས་ཐོལ་བྱུང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ཀྲུང་དབྱང་དང་ས་གནས་། སྲིད་གཞུང་དང་ཚན་པ། སྲིད་འཛིན་ཚན་པ་དང་ཆེད་ལས་ཚན་པའི་འགན་འཁྲི་ཁ་གསལ་བཟོ་བ་བཅས་བྱ་དགོས། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲིམས་ལུགས་ཁྲིམས་སྲོལ་ཁྱབ་གདལ་གཏང་ནས། སྤྱི་ཚོགས་ཧྲིལ་པོས་ཁྲིམས་ལྟར་བྱ་དོན་བསྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། ཚན་རིག་ལག་རྩལ་ནི་མིའི་རིགས་དང་རིམས་ནད་དབར་འཐབ་རྩོད་བྱེད་པའི་རྣོ་ངར་ཅན་གྱི་མཚོན་ཆ་དེ་ཡིན་པས། མིའི་རིགས་གོད་ཆག་ཆེན་པོ་དང་རིམས་ནད་ཆེན་པོ་ལས་རྣམ་པར་རྒྱལ་བ་བྱ་རྒྱུ་དེ་ཚན་རིག་གོང་འཕེལ་དང་ལག་རྩལ་གསར་གཏོད་དང་ཁ་བྲལ་ཐབས་མེད། སྤྱི་པའི་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་སུ་ཚན་རྩལ་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ལྟེ་བའི་ལག་རྩལ་འགག་གཏོར་བྱེད་པ། རྣམ་པ་གསར་པའི་རྒྱལ་ཡོངས་ཀྱིས་མཉམ་ཤུགས་འདོན་པའི་ལམ་སྲོལ་བཟང་ཆ་འདོན་སྤེལ་བྱ་དགོས། ཚན་ཞིབ་ཤེས་ལྡན་མི་སྣ་གོང་འཕེལ་གཏོང་བའི་སྒྲིག་གཞི་སྒྲིག་སྲོལ་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་ཚན་རིག་མཁས་པ་དང་གསར་གཏོད་རྣམ་པའི་ཚན་རྩལ་ཤེས་ལྡན་མི་སྣ་འཚོལ་ཞིབ་དང་། གསོ་སྦྱོང་། སྐུལ་ལྕག་བཅས་བྱེད་པའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་བརྒྱུད། ཕུལ་བྱུང་ཤེས་ལྡན་མི་སྣ་དེ་བས་མང་བ་ཚན་ཞིབ་དཔུང་ཁག་ནང་ཞུགས་རྒྱུར་བློ་ཡིད་བཀུག་སྟེ། ཁོང་ཚོས་འཇོན་ནུས་གང་ལེགས་འདོན་རྒྱུར་མཐུན་རྐྱེན་བསྐྲུན་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། ད་ཐེངས་ཀྱི་རིམས་ནད་འདི་ཐོན་ཚུན། ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་ཐོག་ནས། རྒྱལ་སྤྱིའི་འོས་འགན་ལག་ལེན་གང་ལེགས་བསྟར་བ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འབྲེལ་ཡོད་རྒྱལ་ཁབ་དང་མཛའ་གྲོགས་མཉམ་ལས་དམ་ཟབ་བྱས་པ། རང་རྟོགས་ངང་རྒྱལ་སྤྱིའི་སྤྱི་ཚོགས་ལ་རིམས་ནད་དང་ནད་དུག་གི་ཆ་འཕྲིན་དང་རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱས་པ། རྒྱལ་ཁབ་དང་རྒྱལ་སྤྱིའི་སྒྲིག་འཛུགས100ལྷག་ཙམ་ལ་ནུས་པས་ལྕོགས་ཚོད་ཀྱིས་དངོས་རྫས་དང་ལག་རྩལ་གྱི་རོགས་སྐྱོར་བྱས་པ་བཅས་ཀྱི་ཐོག་ནས། འགན་འཁུར་མཁན་རྒྱལ་ཁབ་ཆེན་པོའི་འགན་སེམས་གང་ལེགས་མངོན་ཡོད། ང་ཚོས་མུ་མཐུད་རྒྱལ་སྤྱིའི་འོས་འགན་ལག་ལེན་བསྟར་རྒྱུ་དང་། འཛམ་གླིང་ཧྲིལ་པོའི་རིམས་འགོག་དངོས་རྫས་མཁོ་འདོན་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཐུན་མོང་ཐོག་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་མ་ལག་འཛུགས་དགོས་ཞེས་ནན་སྟོན་གནང་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།