ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་ཨང་དང་པོས་འབྱོར་འབྲིང་འཚོ་བར་གློག་ཤུགས་བསྩལ།

སྤེལ་དུས 2020-06-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཁེ་གསུམ་གྲོང་ཚོ་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་གནས་ཤིང་། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་ཨང་དང་པོ་འདིས་བོད་མི་དམངས་ཀྱི་ཡར་ལངས་ཞིང་བྲན་གྱིས་གླུ་གཞས་ལེན་པའི་རླབས་ཆེའི་དུས་སྐབས་ལ་བདེན་དཔང་བྱས་ཡོད་ལ། ཁྱིམ་ཚང་རེ་རེ་དང་ཁུག་ཀྱོག་རེ་རེར་གློག་ཤུགས་འཐེན་པའི་སྐད་ཅིག་མ་རེ་རེའང་བདེན་དཔང་བྱས་ཡོད།
 
       འདི་ནི་ཟླ་བའི་ཁྱིམ་གྱི་ཟ་ཁང་རེད། 
        ཁེ་གསུམ་གྲོང་ཚོའི་ཟླ་བ་ནི་རྟག་པར་གློག་འཁོར་ལ་བཞོན་ནས་གྲོང་ཁུལ་དང་གྲོང་ཚོའི་དབར་ཕར་འགྲོ་ཚུར་འོང་བྱེད་པར་དགའ་ཞིང་། “ཁྱིམ་དུ་རླངས་འཁོར་གཉིས་ཡོད་པ་དང་། རླངས་འཁོར་རེར་ཟླ་རེར་སྣུམ་རིན་སྒོར་450དགོས་པ་དང་། གློག་འཁོར་ལ་ཞོན་ན་གོང་ཁེ་ཞིང་ཁོར་ཡུག་སྲུང་སྐྱོང་བྱེད་པར་མ་ཟད། ཟླ་རེར་གློག་རིན་སྒོར་20ལྷག་ཙམ་ལས་མི་དགོས”ཞེས་ཟླ་བའི་ཁྱིམ་དུ་བརྙན་འཕྲིན་འཕྲུལ་ཆས་དང་། གློག་བསྲེག་འཕྲུལ་ཆས། དུག་སེལ་སྒམ། འཁྱག་སྒམ་སོགས་ཀྱི་གློག་ཆས་གང་ས་གང་དུ་མཐོང་རྒྱུ་ཡོད། 
         གཞི་རྩའི་འཚོ་བའི་གློག་ཆས་ཕུད། ཟླ་བས་ད་དུང་ལྟ་སྐུལ་ཚོད་འཛིན་གྱི་བརྙན་མིག་སྒྲིག་འཇུག་བྱས་ཡོད་པ་དང་། བུར་གློག་སྒུལ་གྱི་གོམ་བགྲོད་འཕྲུལ་ཆས་དང་། ཚ་མོར་ད་དུང་གློག་རྡུལ་སྒྲ་སྙན་ཡང་ཉོས་ཡོད། དེར་མ་ཟད་ཁྱིམ་གྱི་མཆོད་མེའང་གློག་མཆོད་དུ་བརྗེས་ཡོད་པ་རེད། 

        འདི་ནི་ཟླ་བ་ཁྱིམ་གྱི་ཚོམས་ཆེན་གྱི་དཔྱང་སྒྲོན་རེད།
        གློག་ཤུགས་དེ་འཚོ་བའི་ཕྱོགས་གང་སར་ཁྱབ་ཡོད་པར་མ་ཟད། གྲོང་མིའི་ཐོན་སྐྱེད་ཀྱི་ནང་དུའང་ཁྱབ་ཡོད་དེ། “སྔོན་ཆད་ལོ་ཏོག་འདེབས་སྐབས་གནམ་ལ་སྒུག་དགོས་པ་དང་། ཆུ་གཏོང་ཚེ་ཆར་བར་སྒུག་དགོས་ཀྱི་ཡོད། ད་ཆ་གང་ས་གང་དུ་གློག་འཐེན་འཕྲུལ་འཁོར་གྱིས་ཆུ་འཐེན་ནས་ཆུ་འདྲེན་གྱི་ཡོད་ཅིང་། ད་ལོའི་སྨུག་པ་གཏོར་ཆས་ཀྱང་གློག་འཁོར་ལ་བརྗེས་ཡོད་པས་དུས་ཚོད་དང་ཤེད་ཤུགས་གྲོན་ཆུང་ཐུབ་ཀྱི་ཡོད། ད་ལྟ་མིས་གློག་སྤྱོད་པར་མ་ཟད། བྱ་ཕྲུག་སྙོལ་བ་དང་། ཕག་གསོ་བ། ལས་སྣོན་བཟོ་གྲྭ་ཚང་མས་ཀྱང་གློག་སྤྱོད་སྒྲིག་ཆས་བཀོལ་མགོ་ཚུགས་པ་སྟེ། ང་ཚོའི་གྲོང་ཚོའི་ཕིང་ཕྲ་མོ་ལས་སྣོན་མཉམ་ལས་ཁང་གིས་གློག་སྤྱོད་སྒྲིག་ཆས་བཀོལ་སྤྱོད་བྱས་རྗེས་སུ་ཐོན་སྐྱེད་བྱས་པའི་ཕིང་ཕྲ་མོ་ཡང་དེ་བས་མང་བ་ཐོན་གྱི་ཡོད”ཅེས་ཟླ་བས་བཤད། 

        འདི་ནི་མཉམ་ལས་ཁང་གི་ནང་དུ་ཕིང་ཕྲ་མོ་སྐམ་པར་འཇུག་པའི་རླུང་གཡབ་རེད།
        ཟླ་བས་བཤད་པའི་མཉམ་ལས་ཁང་ནི་ཁེ་གསུམ་གྲོང་ཚོའི་ཕྱི་རོལ་དུ་ཡོད་ཅིང་། སྦྱིན་བདག་ཕུན་ཚོགས་ཀྱིས་གློག་ཤུགས་སུ་བཅོས་སྒྱུར་བྱས་པར་མྱོང་ཚོར་ཟབ་མོ་ཡོད་དེ།“སྔོན་ཆད་གློག་གནོན་བརྟན་པོ་མེད་པའི་སྐབས་སུ། ཐོན་སྐྱེད་ཀྱི་སྒྲིག་ཆས་མང་པོ་ཞིག་འཁོར་སྐྱོད་བྱེད་མི་ཐུབ་པས། རྩ་བའི་ཆ་ནས་མི་ཤུགས་ལ་བརྟེན་དགོས་པ་དང་། ལོ་རེའི་ཡོང་འབབ་སྒོར་ཁྲི་1ཡས་མས་ལས་མེད”ཅེས་བཤད། 2015ལོར་ས་གནས་དེ་གའི་གློག་ཤུགས་ལ་འགན་ལེན་ཐུབ་ཅིང་། ཕུན་ཚོགས་ཀྱིས་མཉམ་ལས་ཁང་གཉེར་རྗེས་སྒྲིག་ཆས་གསར་པར་བརྗེས་ནས་ཐོན་འབབ་ཉིན་རེར་ཏུན་1ཟིན་གྱི་ཡོད་པ་དང་། ལོ་རེར་ཡོང་འབབ་སྒོར་ཁྲི་30ཙམ་ཡོད། 

        འདི་ནི་གློག་འཁོར་ལ་ཞོན་པའི་གྲོང་མི་རེད།
        2019ལོར། རྒྱལ་ཡོངས་ཀྱི“ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་གྱི་ཁྲོད་ཁེ་གསུམ་གྲོང་ཚོར་གློག་གནོན་སྒྱུར་ཆས་ཤིག་མང་དུ་བཏང་བ་དང་། གློག་སྡོང་ཡང་སྔར་ལས་མཐོ་ཞིང་སྦོམ་པའི་གློག་སྡོང་དུ་བརྗེས་ཏེ། གྲོང་མིའི་དེ་སྔའི“གློག་སྤྱོད་ཐུབ་པ”ནས་ད་ཆའི“གློག་ཡག་པོ་སྤྱོད་ཐུབ་པ”ཞིག་ཏུ་གྱུར་པ་རེད། 
        ལོ་ངོ་61སྔོན་གྱི་བསྒྱུར་བཅོས་དེས་གྲོང་མིར་ཞིང་བྲན་གྱི་འཚོ་བ་སྡུག་པོ་དེ་དང་ཁ་བྲལ་བར་བཅུག་སྟེ། ད་ཆའི་གློག་ཤུགས་ལ་འགན་ལེན་ཐུབ་པ་དེས་གྲོང་མིར་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པར་བཅུག་ཡོད། གློག་གིས་ཁེངས་པའི་འཚོ་བ་དེས་གྲོང་མི་རྣམས་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པའི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་ཡོད་པ་རེད། 

        འདི་ནི་ཟླ་བའི་ཁྱིམ་གྱི་ཚ་མོའི་གློག་རྡུལ་སྒྲ་སྙན་རེད།
        “ད་ལྟར་ཁྱིམ་གྱི་གློག་ཆས་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ཁྲོམ་རའི་ཐོག་ཐོན་རྫས་གསར་པ་གང་ཞིག་ཐོན་ཚེ། ང་ཚོས་ཐོན་རྫས་གསར་པ་དེ་བརྗེ་གི་ཡོད”ཅེས་ཟླ་བས་འཛུམ་དམུལ་དམུལ་ངང་བཤད།