ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཐོང་མི་ཐུབ་པའི་ལམ་ཐིག་ཅིག་གིས་བོད་ལྗོངས་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་མཐོ་སྒང་ནས་ཕྱི་ལ་སྐྱེལ་བ།

སྤེལ་དུས 2020-07-01 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “ནས་ནག་རྩམ་པ་འདི་ངོ་མ་ཡག་པོ་འདུག ཐག་རིང་བོད་ལྗོངས་ལྷོ་ཁ་ནས་ངའི་ལག་ཏུ་ཐོན་པ་རེད། ད་དུང་སུར་པན་ཁ་ཚ་ཞིབ་བུ་དམ་བེ་གཅིག་ཀྱང་སྟེར་བྱུང་།”འདི་ནི་ཉིན་25གོང་གི་སྐུ་མགྲོན་ཞིག་གིས་ཐའོ་པའོ་ལྷུན་རྩེ་དྲ་ཐོག་ཚོང་དོན་དབུལ་སྐྱོར་ཁང་ནས་ནག་རྩམ་པ་ཐོན་རྫས་ཀྱི་དྲ་ངོས་སུ་བྲིས་པའི་གདེང་འཇོག་ཅིག་རེད།
         རྒྱལ་ཡོངས་ཀྱི་གློག་རྡུལ་ཚོང་དོན་གྱི་ཚོང་ར་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ་དང་བསྟུན་ནས། བོད་ལྗོངས་ཀྱིས་གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་སྤེལ་བ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བ་བརྒྱུད་དེ།“ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་བསྐྱོད་པ”ཡི་བགྲོད་ལམ་ཞིག་བཏོད་ཅིང་། རྩམ་པ་དང་བོད་སྤོས་སོགས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ས་ཁོངས་ཀྱི་ཚོད་འཛིན་ལས་སྒྲོལ་ཐུབ་པར་བྱས་པ་དང་། མཐོ་སྒང་ནས་ཕྱི་རུ་སྐྱེལ་བ་ནི་ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་ལམ་བུར་བསྐྱོད་ཐུབ་པར་བྱེད་པའི་གཞོགས་འདེགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཐའོ་པའོ་ལྷུན་རྩེ་དྲ་ཐོག་ཚོང་དོན་དབུལ་སྐྱོར་ཁང་གིས་ཕྱིར་ཚོང་བྱས་པའི་རྩམ་པའི་ཐོན་རྫས།
བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས་སུ་ཐད་གཏོང་སྐོར་གྱི་གསོ་སྦྱོང་བྱེད་པ།
         བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། “6•18”ཡི་རིང་(ཟླ་6ཚེས་1ཉིན་ནས་ཚེས་18ཉིན་བར།)ཁོ་ནར་བོད་རང་སྐྱོང་ལྗོངས་ཀྱི་ཞིང་ལས་ཐོན་རྫས་དྲ་ཐོག་སིལ་ཚོང་དངུལ་འབོར་སྒོར་ཁྲི་4818ཟིན་ཡོད། མིག་སྔར་བོད་རང་སྐྱོང་ལྗོངས་སུ་རྫོང་རིམ་པའི་གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཞུའི་ལྟེ་གནས་26དང་། ཤང་རིམ་པའི་ཞབས་ཞུའི་ས་ཚིགས་127དང་། གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་380བཅས་བསྐྲུན་ཟིན་པ་དང་། མང་ཚོགས་ལ་དྲ་ཐོག་ཚོང་ཁང་1200ལྷག་ཙམ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཡོད་ལ། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོང་མི་འབོར་ཁྲི་3.6ལྷག་ཙམ་ལ་ཞབས་ཞུ་བསྒྲུབ་པ་རེད།
         བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས་ཀྱི་ཟོག་སྒྲོམ་ཐོག་རྩམ་པ་དང་། ཀོ་ཤ། བེ་ཤ་སོགས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་དང་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་བསྒྲིགས་ཡོད། ཚོང་ཟོག་དེ་དག་ཚང་མ་ཐའོ་པའོ་ གནས་མཆོག་ལྷ་རི་(秘境嘉黎)དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་ཁྱད་ལྡན་ཁང་སོགས་དྲ་ཐོག་ལས་སྟེགས་བརྒྱུད་དེ་བཙོང་པ་དང་། ད་ལོར་དྲ་ཐོག་བྱེད་སྒོ་སྤེལ་བ་བརྒྱུད་ནས་ས་གནས་དེ་གའི་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་འཕར་བར་སྐུལ་ཁྲིད་བྱས་ཡོད་པ་རེད།
         ཉེ་སྔོན་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཞུའི་ལྟེ་གནས་ཀྱི་འགན་འཛིན་པ་ཆུང་བདག་དང་ལས་རོགས་ཚོས་འཁྱུག་དབྱངས་བརྒྱུད་ནས་ཐད་གཏོང་བྱས་ལ། ནས་ཀྱི་བག་ལེབ་དང་སྒོག་པ་སོགས་ས་གནས་དེ་གའི་ཁྱད་ལྡན་ཞིང་ལས་ཐོན་རྫས་བརྙན་ལམ་ནས་དྲ་གྲོགས་ཚོར་བསྟན་པ་དང་། རེ་ཞིག་ལ་གདེང་འཇོག་བཟང་པོ་མང་པོ་ཞིག་ཐོབ་པ་རེད།
         འཁྱུག་དབྱངས་ཀྱིས་ཐད་ཀར་གཞིས་རྩེའི་རྒྱལ་རྩེ་ཞིང་ལས་ཐོན་ཟོག་ཕྱིར་ཚོང་བྱེད་སྐབས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གིས་སྔ་ས་ནས་ཐད་གཏོང་རིགས་ཀྱི་གསོ་སྦྱོང་བྱས་ཡོད་ལ། སྙེ་མོ་རྫོང་གིས་ཐད་གཏོང་དངོས་ཟོག་འཁྱེར་ནས་དངོས་ཟོག་ཉོ་བའི་ཚ་རླབས་ཞིག་འཕྱུར་བཞིན་ཡོད།
         2019ལོ་ནས་བཟུང་སྙེ་མོ་རྫོང་གིས་དྲ་ཐོག་ཚོང་དོན་གཉེར་བའི་ཐད་གཏོང་བྱས་པ་དང་། 2019ལོའི་ཅིང་ཏུང་གི་618བྲིན་ཚོང་ཆེན་པོ་དང་བཅུ་གཅིག་ཟུང་གི་བྲིན་ཚོང་བྱེད་སྒོ་གཉིས་སྤེལ་རིང་ཐད་གཏོང་བྱས་པ་ཁྱོན་མི་ཐེངས་ཁྲི་ཁ་ཤས་ཀྱིས་བལྟས་ཡོད་ལ། མི་ཁྲི་10ལྷག་ཙམ་གྱི་དོ་ཁུར་པ་དང་། ཅིང་ཏུང་བོད་ལྗོངས་འགྲེམས་ཁང་སྙེ་མོ་ཆེད་ཁུལ་གྱི་2019ལོའི་ཕྱིར་ཚོང་དངུལ་གྲངས་སྒོར་ཁྲི་བརྒྱ་ལྷག་ཙམ་ཟིན་རྒྱུར་སྐུལ་འདེད་བཏང་ཡོད།
         སྙེ་མོ་རྫོང་གི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2019ལོར། གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྤེལ་ནས་ས་གནས་དེ་གའི་མང་ཚོགས་དབུལ་པོ་138ལས་གཏོད་ལས་ཞུགས་བྱ་རྒྱུར་ཐད་ཀར་སྐུལ་ཁྲིད་བྱས་པ་དང་། ལས་གཏོད་དང་བརྒྱུད་དེ་ལས་ཞུགས་ཐུབ་པ་ཕལ་ཆེར་མི་284ཙམ་ཡོད། བསྡོམས་རྩིས་བྱས་ན་ལས་གཏོད་ལས་ཞུགས་ལ་སྐུལ་ཁྲིད་བྱས་པའི་མི་གྲངས་422ཟིན་པ་རེད།
         ད་ལོར《བོད་རང་སྐྱོང་ལྗོངས་ཀྱི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་སྤྱི་ཡོངས་ལ་སྐུལ་འདེད་གཏོང་བའི་ལས་ཀའི་ཇུས་གཞི》བཏོན་པ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་ལ་དམིགས་པ་དང་ཐོན་འཚོང་འབྲེལ་མཐུད་ལ་སྐུལ་འདེད་བཏང་ནས། ཀུན་ཕན་མཉམ་སྤྱོད་དང་། དྲ་ཐོག་དྲ་ཕྱི་མཉམ་འདྲེས། བཟོ་ལས་ཐོན་རྫས་ཞིང་གྲོང་དུ་བཙོང་བ་དང་ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་བཙོང་ཐུབ་པ་བཅས་ཀྱི་ཞིང་འབྲོག་ཁུལ་གྱི་དེང་རབས་འཁོར་རྒྱུག་མ་ལག་ཅིག་གསར་དུ་གཏོད་བཞིན་ཡོད།
         མཐོ་སྒང་གི་ཁྱད་ཆོས་ལྡན་པའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་བཏང་སྟེ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་བོད་ལྗོངས་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་དྲ་ཐོག་ཚོང་དོན་གྱི་མཐོང་མི་ཐུབ་པའི་ལམ་ཐིག་འདི་བརྒྱུད་ནས་གྲོང་ཁྱེར་གྱི་མི་རྣམས་ཀྱི་ཉེ་འགྲམ་དུ་རིམ་གྱིས་སྐྱོད་པ་དང་། མཐོ་སྒང་དུ་འཚོ་བ་སྐྱེལ་བཞིན་པའི་ཞིང་འབྲོག་མང་ཚོགས་ཚོས་ཀྱང་མཐོང་མི་ཐུབ་པའི་ལམ་ཐིག་འདི་བརྒྱུད་ནས་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་གྱི་ཐབས་ལམ་གསར་པ་ཞིག་བཏོད་པ་རེད།